བོད་ཀྱི་འཁྱགས་རོམ་ཞུ་བ་ལ་བརྟེན་ནས་ཨེ་ཤི་ཡའི་ནང་ཆུ་ལོག་བྱུང་གི་ཡོད།

བོད་ནང་ལ་གནམ་གཤིས་དང་ཁོར་ཡུག་ཐོག་འགྱུར་ལྡོག་འགྲོ་བཞིན་པ་རྣམས་བོད་གཅིག་པུའི་དཀའ་ངལ་མིན་པར་འཛམ་གླིང་ཡོངས་ཀྱི་དཀའ་ངལ་ཡིན་སྐོར་དང་། བོད་ཀྱི་འཁྱགས་རོམ་ཞུ་བ་ལ་བརྟེན་ནས་ཨེ་ཤི་ཡའི་ནང་ཆུ་ལོག་བྱུང་གི་ཡོད་སྐར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ལས་བྱེད་ཟླ་བ་སྒྲོལ་མས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ གི་ཐོག་དྷ་ས་མེག་གྷན་ཁྲོམ་དཀྱིལ་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག འཛམ་གླིང་ཁོར་ཡུག་ཚོགས་ཆེན་ཡུ་རོབ་རྒྱལ་ཁབ་འཇར་མན་དུ་འཚོགས་བཞིན་པ་དང་བསྟུན། བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཐོག་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་ལས་འགུལ་གྱི་རྣམ་པ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་འབག་གྱོན་མཁན་ཞིག་གིས་ལག་ཏུ་ཨེ་ཤི་ཡའི་གཙང་པོ་ཆེན་པོ་༡༠ ཡི་འབྱུང་ཁུངས་ཞེས་བྲིས་པའི་ཆུ་ཟོམ་ཞིག་བཟུང་ནས་འགྲེང་ཡོད་པ་དང་། དེས་ཨེ་ཤི་ཡའི་ཆུ་བོ་ཆེན་པོ་༡༠ དེ་བོད་ནས་འབབ་ཀྱི་ཡོད་ཀྱང་ད་ལྟ་དེ་དག་རྒྱ་ནག་གི་སྟངས་འཛིན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་ཅིང་། དེའི་མདུན་དུ་བོད་དང་། འབར་མ། རྒྱ་གར། བྷང་ལ་ལྡེ་ཤི་བཅས་ཀྱི་མིང་སྦྱར་བའི་མི་བཞི་ས་ལ་འགྱེལ་ཡོད་པ་དང་། དེས་རྒྱ་ནག་གི་ཆུ་བོ་ཆེན་པོ་རྣམས་སྟངས་འཛིན་བྱེད་བཞིན་པ་ལ་བརྟེན་ནས་རྒྱ་གར་དང་བོད་སོགས་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ལ་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མཚོན་གྱི་ཡོད་འདུག དེ་བཞིན་ཤོག་བུ་ལས་གྲུབ་པའི་གདུག་གི་དབྱིབས་གཟུགས་ཀྱི་ངོས་སུ་བོད་ཀྱི་གཙང་པོ་རྣམས་སུ་རྒྱ་ནག་གིས་ཆུ་རགས་གསར་རྒྱག་སོགས་ཀྱི་ལམ་ནས་ཆུ་བོ་འབག་བཙོག་སུ་བསྒྱུར་བཞིན་པ་དང་གཙང་པོའི་ཁ་ཕྱོགས་བསྒྱུར་བཞིན་པ། འཁྱགས་རོམ་ཞུ་བཞིན་པ་བཅས་ཀྱི་པར་རིས་སྦྱར་ནས་གསལ་བཤད་བྱས་སོང་།

དེ་ཡང་ལས་འགུལ་སྐབས་བོད་རང་སློབ་ཕྲུག་ཚོགས་པའི་རྒྱ་གར་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷས་དབྱིན་སྐད་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་ལས་བྱེད་ཟླ་བ་སྒྲོལ་མས་བོད་སྐད་ཐོག་ནས་ལས་འགུལ་གྱི་སྐོར་ལ་འགྲེལ་བརྗོད་བྱས་པ་ལྟར་ན།འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་གྲགས་ཤིང་། མི་འཚོ་སྡོད་བྱེད་གནས་ཚང་མའི་ཁྲོད་ནས་འཁྱགས་རོམ་མང་ཤོས་ཡོད་པའི་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་སུ་གྱུར་པའི་གཙང་པོ་ཐམས་ཅད་ཀྱི་གཞི་རྟེན་བོད་ཀྱི་འཁྱགས་རོམ་སྟོང་ཕྲག་༤༦ ལྷག་ཡོད་པ་རྣམས་ཤུགས་ཆེན་པོ་བཞུར་གྱི་ཡོད་སྟབས། ཨེ་ཤི་ཡའི་ནང་ཆུ་ལོག་གི་གནོད་སྐྱོན་ཡོང་དང་ཡོང་བཞིན་ཡོད་པ་མ་ཟད། རིམ་བཞིན་ཨེ་ཤི་ལུང་པ་ཁག་ནང་འབབ་བཞིན་པའི་གཙང་པོ་རྣམས་སྐམ་པའི་དཀའ་ངལ་འབྱུང་ངེས་སྐོར་དང་། དེ་འདྲའི་དཀའ་ངལ་དེ་ནི་བོད་ནང་རྒྱ་ནག་གིས་ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན་སོགས་ཀྱི་སྒོ་ནས་ཁོར་ཡུག་གཏོར་བཤིག་ཚད་མེད་བཏང་བའི་ཉེར་ལེན་ལས་གནམ་གཤིས་འགྱུར་ལྡོག་འབྱུང་གི་ཡོད་པ་དེ་ལ་ཐུག་ཡོད་སྟབས། རྒྱ་ནག་གིས་མུ་མཐུད་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་ན། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་ཆུ་ལོག་གི་གནོད་སྐྱོན་ཇེ་ཆེར་འགྲོ་ཁར། ཆུ་བོ་ཚང་མ་སྐམ་པའི་ཉེན་ཁ་ཡོད་པ་མ་ཟད། འཛམ་གླིང་སྤྱི་ལ་ཚབས་ཆེའི་ཉེན་ཁ་འབྱུང་ངེས་སྐོར། དེ་བཞིན་རྒྱ་ནག་གིས་བོད་ཀྱི་གཙང་པོ་རྣམས་ཀྱི་ཁ་ཕྱོགས་བསྒྱུར་བ་དང་ཆུ་རགས་གསར་རྒྱག་བྱས་ན་བོད་ཀྱི་ཆུ་ལ་བརྟེན་པའི་ཨེ་ཤི་ཡའི་ཡུལ་གྲུ་མང་པོ་ཞིག་ལ་དཀའ་ངལ་ཚད་མེད་འཕྲད་ངེས་པ་ཡིན་སྟབས། ད་ལྟ་འཇར་མན་དུ་འཚོགས་བཞིན་པའི་འཛམ་གླིང་ཁོར་ཡུག་ཚོགས་ཆེན་ཐེངས་༢༣ པའི་ཐོག བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐོག་གོ་བསྡུར་ཤུགས་ཆེན་པོ་བྱེད་དགོས་པ་དང་། ཛ་དྲག་ཅན་དུ་གྱུར་པའི་བོད་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་སྲུང་སྐྱོབ་ལག་བསྟར་འཕྲལ་དུ་བྱེད་རྒྱུའི་འབོད་སྐུལ་བཅས་ཞུས་སོང་།

ད་ཐེངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ནང་ཡོད་པའི་ཕྱི་རྒྱལ་བ་མང་པོ་ཞིག་དང་ལས་འགུལ་སྤེལ་མཁན་ཚོགས་པ་གཉིས་ཀྱི་བར་དུ་ནམ་རྒྱུན་ནས་གློག་འཕྲིན་བརྒྱུད་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་གོ་སྡུར་བྱེད་ཀྱི་ཡོད་པ་དང་། ད་ཐེངས་ཀྱི་ལས་འགུལ་འདིའི་མཇུག་སྡོམ་ཞིག་བྲིས་ནས་བོད་ནང་ལ་གནམ་གཤིས་དང་ཁོར་ཡུག་ཐོག་འགྱུར་ལྡོག་འགྲོ་བཞིན་རྣམས་བོད་གཅིག་པུའི་དཀའ་ངལ་མིན་པར་ཨེ་ཤི་ཡའི་ལུང་པ་རྣམས་དང་། འཛམ་གླིང་ཡོངས་ཀྱི་དཀའ་ངལ་ཡིན་སྟབས་དེ་སྲུང་སྐྱོབ་བྱེད་རྒྱུའི་རེ་སྐུལ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༣ པར་གཏོང་འཆར་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 79

Leave a Reply