བོད་ཀྱི་འཆི་གསོན་བོད་ནང་ལ་ཐུག་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༦ ཕྱི་ལོ་ ༢༠༡༦/༣ /༡

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དམར་དྲག་པོའི་གཞུང་གིས་བཙན་འཛུལ་དྲག་གནོན་ལ་བརྟེན་ནས། ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་གྱར་དགོས་བྱུང་ཞིང་། དུས་དེ་ནས་བཟུང་ད་བར་མི་ལོ་༥༨ ཕྱིན་ཡོད། དུས་ཚོད་དེའི་རིང་བོད་ཕྱི་ནང་གཉིས་སུ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དང་། ལྷག་པར་དུ་རྒྱ་དམར་དྲག་པོའི་གཞུང་གི་སྟོབས་འབྱོར་དང་མངའ་ཐང་ལ་ཧ་ཅང་གི་འགྱུར་ལྡོག་དང་ཡར་རྒྱས་ཆེན་པོ་ཕྱིན་ཡོད། བོད་བཙན་བཟུང་དྲག་གནོན་བྱས་ནས་བཟུང་འགྱུར་ལྡོག་གཏན་ནས་སོང་མེད་པ་ནི། རྒྱ་དམར་གཞུང་གིས་བོད་ལ་ཞི་དྲག་གཉིས་ཐོག་ནས་དམ་དྲག་བྱས་ཏེ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གཏན་ནས་སྤྲད་མེད་པ་དེ་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་གཅིག་མཚུངས་སུ་གནས་ཡོད། དུས་ཡུན་འདི་ནི་འཛམ་གླིང་སྤྱི་ཡོངས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བའི་དུས་ཚོད་ཅིག་ཡིན་ནའང་། བོད་ལ་མཚོན་ན་ཧ་ཅང་གི་དཀའ་ངལ་ཆེན་པོ་དང་། ལོ་རྒྱུས་ཀྱི་ནང་ནས་ཆེས་གནས་སྟངས་སྡུག་ཤོས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད།

མི་ལོ་དྲུག་ཅུ་ཉེ་བའི་དུས་ཡུན་ནི་མི་རིགས་དང་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཀྱི་ཆ་ནས་ཧ་ཅང་ཐུང་ངུ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་མ་ཟད། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གིས་གཞན་གྱི་དབང་བསྒྱུར་ལ་འཐབ་རྩོད་བྱེད་པའི་དུས་ཡུན་གྱི་ཐོག་ནས་ཀྱང་ཧ་ཅང་རིང་པོ་མ་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག འོན་ཀྱང་མི་གཅིག་གི་མི་ཚེ་ལ་ཆ་བཞག་ནས་བཤད་ན་མི་ལོ་དྲུག་ཅུ་ཙམ་ནི་ཧ་ཅང་རིང་པོ་ཞིག་ཡིན་ལ། བོད་མི་རྣམས་བཙན་བྱོལ་དུ་ཐོག་མ་འབྱོར་བའི་ལོར་སྐྱེས་པའི་མི་ཞིག་ཡིན་ནའང་ལོ་རྒན་དྲུག་ཅུ་ལ་ཉེ་བ་ཞིག་ཏུ་གྱུར་ཟིན། གནས་སྟངས་འདི་ལྟ་བུའི་ཐོག་ནས་བོད་པའི་འཐབ་རྩོད་ཀྱི་གནས་བབས་ནི་ད་ལྟའི་ཆར་ཡིད་སྐྱོ་དགོས་པ་ཞིག་ལས་བཟང་ཕྱོགས་ནས་མདུན་སྐྱོད་གང་ཡང་བྱེད་ཐུབ་མེད་པ་ནི། བོད་མི་སྤྱི་ཡོངས་ཀྱི་ངོས་ནས་ཧ་ཅང་སྐྱོ་གར་ཆེན་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བོད་དོན་འཐབ་རྩོད་ཀྱི་འགན་ཁུར་ནི་བོད་མི་ཡིན་ནོ་ཅོག་སྤྱི་ཡོངས་ལ་ཡོད་པ་ཞིག་ལས་དམིགས་བསལ་གྱིས་མི་ཁག་ཅིག་ལས་གཞན་དག་ལ་འགན་མེད་པ་ཞིག་ཀྱང་གཏན་ནས་མིན།

མ་འོངས་པར་བོད་ཀྱི་གནད་དོན་ཐག་གཅོད་ཡོང་མིན་དང་། བཟང་ཕྱོགས་ནས་འགྱུར་བ་འགྲོ་མིན་གྱི་ཐོག་ལ་བསམ་བློ་གཏོང་སྐབས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཁོ་ན་ལ་རག་ལས་མེད་ལ། བོད་པས་འཚེ་མེད་ཞི་བའི་འབོད་ཚིག་དང་འབྲེལ་བའི་ཐོག་ནས་རྒྱ་གཞུང་ལ་ཁ་གཏད་མ་བཅགས་པར་རྣམ་འགྱུར་བཟང་ཕྱོགས་ཁོ་ན་ནས་སྟོན་ཐུབ་མིན་ལའང་རག་ལས་མེད། གལ་ཆེ་ཤོས་བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་པ་དག་གི་ངོས་ནས་དུས་ནམ་ཡང་བོད་རྒྱལ་ཁབ་དང་བོད་མི་རིགས་འདི་ཉིད་འགྱེལ་ས་ནས་ལང་ཐུབ་པ་ཞིག་བྱ་རྒྱུའི་དམ་བཅའ་དང་སེམས་ཤུགས་བརྟན་པོ་ཞིག་མེད་ན། བོད་ལ་བཟང་ཕྱོགས་ནས་གོ་སྐབས་མང་པོ་བྱུང་ཡང་གཏན་ནས་ལེན་མི་ཐུབ་པ་ཆགས་ངེས་རེད། དཔེར་ན་ཕྱི་ལོ་༡༩༤༥ ལོར་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་རྒྱལ་ཁབ་མང་པོས་མུ་མཐུད་དེའི་ཁོངས་སུ་རང་བཙན་ཅན་གྱི་རྒྱལ་ཁབ་ཡིན་པའི་དེབ་སྐྱེལ་བྱེད་བཞིན་པའི་སྐབས་སུ། བོད་པ་ནི་རྭ་སྟག་གི་དོན་རྐྱེན་ལ་མགོ་འཁོར་ནས་གསེར་ལྟ་བུའི་གོ་སྐབས་དེ་འཐུས་ཤོར་དུ་བཏང་བ་རེད།

དེར་བརྟེན་བོད་མི་མི་རེ་ངོ་རེ་བཞིན་སེམས་ནང་དུ་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་གནས་བབས་ད་ལྟའི་ཆར་ཧ་ཅང་ཐབས་སྐྱོ་པོ་ཞིག་ཏུ་གྱུར་ཡོད་ནའང་། མ་འོངས་པར་འགྱེལ་ས་ནས་ལང་དགོས་པའི་སེམས་ཤུགས་བརྟན་པོ་ཞིག་དགོས་པ་དེ་བོད་དོན་འཐབ་རྩོད་ཀྱི་གཞི་རྩའམ། ཚེ་སྲོག་དང་གཅིག་མཚུངས་སུ་གྱུར་ཡོད། བོད་པ་རང་ངོས་ནས་འཐབ་རྩོད་ཀྱི་བསམ་བློ་དེ་ཡོངས་སུ་བརླགས་ཟིན་པའི་རྗེས་སུ་ཕྱིའི་རྒྱབ་སྐྱོར་དང་། ནང་གི་མཐུན་རྐྱེན། ཁོར་ཡུག གོ་སྐབས་ག་འདྲ་ཞིག་བྱུང་ཡང་ཕན་ཐོགས་གཏན་ནས་མེད་པ་ཞིག་ཏུ་འགྱུར་ངེས་རེད། བོད་མི་རིགས་ཀྱི་འདུ་ཤེས་དང་བསམ་བློ། འཐབ་རྩོད་ཀྱི་སེམས་ཤུགས་བཅས་བརྟན་པོ་ཡོད་ན་གོ་སྐབས་མང་པོ་ཞིག་ཀྱང་རང་བཞིན་གྱིས་ཡོང་ངེས་རེད། ཁ་གསལ་པོའི་ཐོག་ནས་བརྗོད་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བསམ་བློ་དེ་ལྟ་བུ་ཡོད་མཁན་ལོ་རེ་བཞིན་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པས་བཙན་བྱོལ་ནང་རེ་བ་ཆེན་པོ་ཞིག་མེད་པར། མ་འོངས་པར་བོད་ཀྱི་གནས་སྟངས་ག་འདྲ་ཞིག་ཏུ་འགྲོ་མིན་གཞིས་བཞུགས་བོད་མི་རྣམས་ལ་རག་ལས་པ་ལྟ་བུར་གྱུར་འདུག

མདོར་ན་བོད་མི་ཕལ་མོ་ཆེའི་སེམས་ནང་དུ་དགོས་པ་ནི་བོད་རང་བཙན་གྱི་གནས་བབས་བསྐྱར་གསོ་དགོས་པ་དེ་ཡིན་ངེས་ཤིང་། དཔེར་ན་ཉེ་ཆར་གཤེགས་པ་བོད་ཀྱི་མཁས་པ་རྒན་གྲས་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་གིས་“ཤི་བོའི་ཁ་ཆེམས། གསོན་པོའི་རེ་འདུན། བོད་རང་བཙན་སླར་གསོ།”ཞེས་པ་སྐད་ཡིག་མང་པོའི་ཐོག་རས་ལ་དཔར་བརྒྱབ་ནས་འགྲེམས་སྤེལ་གནང་བ་བཞིན། བོད་མི་མང་ཆེ་བའི་ཕུགས་ཀྱི་རེ་འདུན་དེ་ཁོ་ན་ཡིན་ཡང་། བར་ལམ་ནས་བཟུང་ཕྱི་ནང་གི་སློབ་གསོ་སྣ་ཚོགས་ལ་བརྟེན་ད་ལྟའི་ཆར་བོད་རང་བཙན་གྱི་གནས་བབས་བསྐྱར་གསོ་ཡོང་ཐུབ་པའི་གོ་སྐབས་མེད་པར་ངོས་འཛིན་བྱེད་མཁན་ཡང་ཡོང་གི་ཡོད། མ་འོངས་པར་བོད་ཀྱི་གནད་དོན་ཐག་གཅོད་ག་འདྲ་ཞིག་ཡོང་ཐུབ་མིན་དེ་ཉིད་གཞིས་བཞུགས་བོད་མི་རྣམས་ལ་གཙོ་བོ་རག་ལས་པ་ལས། བཙན་བྱོལ་བོད་མི་རྣམས་མིའི་ལུང་པར་སྐྱབས་བཅོལ་བའི་གནས་བབས་ཤིག་ཏུ་ཡོད་སྟབས་ནུས་པ་ཆེན་པོ་མེད་ལ། བོད་མི་མི་རེ་ངོ་རེ་བཞིན་རང་མགོ་གང་ཐོན་ལས་སྤྱི་པའི་རྩ་དོན་ཆེད་སེམས་ཤུགས་འཛིན་མཁན་ཡང་ཉུང་དུ་འགྲོ་བཞིན་ཡོད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 98

Leave a Reply