བོད་ཀྱི་རྐང་སྤོལ་རུ་ཁག་ཕམ་ཡང་གྲུབ་འབྲས་ཆེན་པོར་བརྩི་བཞིན་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འཛིན་སྐྱོང་འོག་ཡོད་པའི། བཙན་བྱོལ་བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་དེ་འབྲས་ལྗོངས་སྤྱི་ཁྱབ་ཀྱི་རྐང་སྤོལ་འགྲན་སྡུར་ནང་རྩེད་འགྲན་རིམ་པ་གཉིས་པ་བར་སླེབས་ནས་ཕམ་ཡོད་ཀྱང་། ད་བར་རྩེད་འགྲན་དེའི་ཐེངས་གསུམ་ལ་མཉམ་ཞུགས་བྱེད་མྱོང་ཡོད་པ་དང་། འདི་ལོར་བོད་ཀྱི་རྐང་སྤོལ་རུ་ཁག་གིས་གྲུབ་འབྲས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་འདུག

ཟླ་༡༠ པའི་ཚེས་༥ ནས་འགོ་འཛུགས་བྱས་པའི་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ། འབྲས་ལྗོངས་སྤྱི་ཁྱབ་ཀྱི་རྐང་སྤོལ་འགྲན་སྡུར་ཐེངས་༣༧ པའི་ཐོག བཙན་བྱོལ་བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་རྩིས་པའི་རུ་ཁག་༡༢ མཉམ་ཞུགས་བྱས་ཡོད་པ་དང་། བོད་ཀྱི་རྐང་སྤོལ་རུ་ཁག་གིས་རྩེད་འགྲན་རིམ་པ་དང་པོར་རྒྱལ་ཁ་བླངས་ནས། རིམ་པ་གཉིས་པར་གྲགས་ཆེ་བའི་རྒྱ་གར་རྒྱལ་ཡོངས་ཆེད་ལས་རྩེད་འགྲན་( I League) ནང་ཡོད་པ་དང་། ད་བར་འབྲས་ལྗོངས་སྤྱི་ཁྱབ་རྐང་སྤོལ་རྩེད་འགྲན་ལ་རྒྱལ་ཁ་ཐེངས་༨ བླངས་མྱོང་མཁན་མོ་ཧན་བྷ་གྷན་རུ་ཁག་(Mohan Began FC) དང་འཁེལ་ཡོད་འདུག སྤྱིར་བཏང་རྩེད་འགྲན་རུ་ཁག་དེ་ཆེད་ལས་རུ་ཁག་ཡིན་ཁར་ཤིན་ཏུ་ཡག་པོ་ཡོད་པས། མི་མང་པོ་ཞིག་གིས་བོད་ཀྱི་རྐང་སྤོལ་རུ་ཁག་སྤོ་ལོ་མང་པོས་ཕམ་རྒྱུ་ཡིན་པར་ཚོད་དཔག་བྱས་ཡོད་ཀྱང་། རྩེད་འགྲན་སྐབས་དུས་ཚོད་མཇུག་བསྒྲིལ་ནས་དུས་ཚོད་སྣོན་མ་མ་སྤྲད་བར། ཕྱོགས་གཉིས་བར་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པ་དང་། འོན་ཀྱང་དུས་ཚོད་སྣོན་མར་མོ་ཧན་བྷ་གྷན་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས། བོད་ཀྱི་རྐང་སྤོལ་རུ་ཁག་ཕམ་འདུག

འདི་གའི་གསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་པ་སངས་རྡོ་རྗེར་ཁ་པར་བརྒྱུད་འབྲེལ་བ་བྱས་པར། ཁོང་གིས་བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་གིས་འབྲས་ལྗོངས་སྤྱི་ཁྱབ་རྐང་སྤོལ་རྩེད་འགྲན་ལ་ཐེངས་གསུམ་འཛུལ་ཞུགས་བྱས་ཡོད་པ་དང་། ཐེངས་འདིའི་གྲུབ་འབྲས་དེ་ཚད་མཐོ་ཤོས་ལ་ངོས་འཛིན་བྱེད་ཆོག་པ། མི་མང་པོ་ཞིག་གིས་ཆེད་ལས་རྩེད་འགྲན་རུ་ཁག་མོ་ཧན་བྷ་གྷན་གྱིས་སྤོ་ལོ་དྲུག་བདུན་བླུགས་རྒྱུ་ཡིན་ཤག་བྱས་ཡོད་ཀྱང་། དེ་ལྟར་མ་བྱུང་བར་ཁ་གཏད་ཡག་པོ་བཅག་ཐུབ་ཡོད་སྐོར་ལན་འདེབས་གནང་སོང་།

ཐེངས་འདིའི་བོད་ཀྱི་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་མང་པོ་ཞིག་གསར་པ་དང་གཞོན་སྐྱེས་རེད་ལ། དེ་དག་ཕྱི་ལོ་༢༠༡༧ ལོར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཀོ་ལི་གྷལ་དོན་ལྡན་གླིང་དུ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་འཚོགས་རྗེས། རྩེད་མོ་བ་མང་པོ་ཞིག་སྔོན་འགྲོར་འདེམས་སྒྲུག་བྱས་ཏེ། ཟླ་༧ པའི་ནང་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་སྒར་པོན་ཊ་ཆོལ་གསུམ་དུ་སྦྱོང་བརྡར་དང་སྦྲགས་རྩེད་མོ་བ་༢༥ ཁོངས་ནས་༡༨ དངོས་གཞིར་འདེམས་སྒྲུག་བྱས་ཡོད་པ་རེད།

དེ་བཞིན་བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་དེ་ཕྱི་ལོ་༢༠༡༨ ལོའི་ཟླ་༥ པའི་ཚེས་༣༡ ནས་ཟླ་༦ པའི་ཚེས་༡༠ བར་ཡུ་རོབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོག་རྒྱུ་ཡིན་པའི། རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་ངོས་འཛིན་མེད་པའི་རུ་ཁག་བར་གྱི། འཛམ་གླིང་རྐང་སྤོལ་རྩེད་འགྲན་ནང་ཚུད་ཡོད་པ་དང་། དེར་འཛམ་གླིང་གང་ས་ནས་རུ་ཁག་༡༦ མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||