བོད་ཀྱི་སྒྲ་བསྒྱུར་ཁང་དབུ་འབྱེད།

བོད་ཀྱི་སྒྲ་བསྒྱུར་ཁང་གིས་ད་བར་ལོ་༣ ནས་༡༤ བར་ལ་དམིགས་པའི་བྱིས་པའི་འགུལ་བརྙན་གྱི་འོད་སྡེར་གསུམ་སྒྲ་བསྒྱུར་བྱས་ཟིན་ནས་འགྲེམས་སྤེལ་ཞུས་ཡོད་ཁར། མ་འོངས་པར་ལོ་རེར་དྲུག་རེ་སྒྲ་བསྒྱུར་བྱེད་འཆར་ཡོད་པ་རེད་འདུག

ཟླ་འདིའི་ཚེས་༡༡ ཉིན་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཡོངས་གླིང་སློབ་གྲྭར། བོད་ཀྱི་སྒྲ་བསྒྱུར་ཁང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། དེ་གར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གཙོས། ལས་ཁང་དེའི་འགན་འཛིན་བསྟན་འཛིན་ཆོས་འཕེལ་དང་འགན་འཛིན་གཞོན་པ་མིག་དམར་ཆུང་བདག དེ་བཞིན་ལས་བྱེད་དང་མི་མང་ལྔ་བཅུ་ཡས་མས་ཀྱིས་མཉམ་ཞུགས་བྱས་སོང་།

བོད་ཀྱི་སྒྲ་བསྒྱུར་ཁང་གི་འགན་འཛིན་གྱིས་ཚོགས་པའི་ལས་དོན་དང་དམིགས་ཡུལ་ངོ་སྤྲོད་དང་། འགན་འཛིན་གཞོན་པས་ལས་ཁང་གི་རྩིས་ཁྲ་དང་མ་འོངས་པའི་ལས་འཆར་སྐོར་གཏམ་བཤད་བྱས་སོང་།

ཚོགས་པ་དེ་ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ཚེས་༣༠ ཉིན་དྷ་ས་ནོར་གླིང་ཁུལ་དུ་གསར་འཛུགས་བྱས་ཡོད་པ་དང་།  དེའི་དམིགས་ཡུལ་གཙོ་བོ་ཁག་ནི་བཙན་བྱོལ་ནང་གི་སྐད་ར་མ་ལུག་དེ་དག་མེད་པ་བཟོས་ཏེ་བོད་སྐད་གཙང་མ་རྒྱག་ཐུབ་ཐབས་དང་། བོད་ཀྱི་བྱིས་པ་རྣམས་ལ་ཕ་སྐད་གཙང་མ་བཤད་ཐུབ་པའི་གོམས་གཤིས་བཟང་པོ་འཇགས་རྒྱུ་དང་བོད་སྐད་ཡིག་ལ་དབྱིངས་ཞུགས་ཐུབ་ཐབས་སོགས་ཡིན་སྐོར་དང་། ད་ལྟའི་ཆར་བྱིས་པའི་འགུལ་བརྙན་འོད་སྡེར་༣ དང་གཞན་གློག་བརྙན་ཐུང་ཐུང་མང་པོ་ཞིག་བོད་སྐད་ཐོག་སྒྲ་བསྒྱུར་བྱས་ཟིན་ཡོད་ཁར། མ་འོངས་པར་ལོ་རེར་བྱིས་པའི་འོད་སྡེར་༦ རེ་སྒྲ་བསྒྱུར་བྱེད་འཆར་དང་། བོད་རིགས་གློག་བརྙན་བཟོ་མཁན་དང་མཉམ་ལས་བྱས་ཏེ། བོད་ཀྱི་སྐད་ཡིག་ཐོག་གི་གློག་བརྙན་བཟོ་སྐྲུན་བྱེད་འཆར་ཡོད་འདུག

སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་བོད་ཀྱི་སྒྲ་བསྒྱུར་ཁང་གི་ལས་ཁུངས་དབུ་འབྱེད་བྱས་རྗེས་གསུང་དོན། ལས་ཁུངས་དེའི་དགོས་པ་དང་བྱེད་ལས་བསྔགས་བརྗོད་ཆེན་པོ་ཡོད་ཁར། ཤེས་རིག་ལས་ཁུངས་ནས་མ་འོངས་པར་རྒྱབ་སྐྱོར་དང་མཉམ་ལས་བྱེད་འཆར་ཡོད་པ། དེ་བཞིན་བཙན་བྱོལ་ནང་དུ་བྱིས་པའི་རྩོམ་རིག་ཉུང་དྲགས་པས། ཤེས་རིག་ལས་ཁུངས་ཀྱིས་དེའི་ཐོག་འབད་བརྩོན་བྱེད་མུས་ཡིན་པ།་སྒྲ་བསྒྱུར་ཁང་གིས་བྱིས་པའི་འགུལ་བརྙན་སྒྲ་བསྒྱུར་གྱི་ལས་ལ་འཇུག་གི་ཡོད་པ་དེ་གལ་ཆེན་ཡིན་པས། མ་འོངས་པར་མུ་མཐུད་ཧུར་བརྩོན་གནང་དགོས་སྐོར་གྱི་བཀའ་སློབ་གནང་སོང་།

ལས་ཁུངས་དེར་རྒྱུན་ལྡན་གྱི་སྦྱིན་བདག་མེད་ཀྱང་། དེ་སྔོན་ལས་ཁུངས་འཛུགས་ཆེད་མ་དངུལ་གཏོང་མཁན་ཨ་རིར་གནས་སྡོད་བསོད་ནམས་ལྷ་མོས་རོགས་རམ་བྱས་ཡོད་ཁར། ཟླ་ཤས་ཀྱི་ལས་ཁུངས་འགྲོ་གྲོན་ཡང་མོས་རོགས་རམ་བྱས་ཡོད་འདུག  རྗེས་སུ་ཨ་རིར་གནས་སྡོད་བྱམས་པ་བསྟན་འཛིན་དང་བོད་ཀྱི་གཏམ་རྒྱུད་ཚན་པའི་ལྷག་པ་ཚེ་རིང་གཉིས་ཀྱིས་རོགས་རམ་དང་མཐུན་རྐྱེན་སྦྱར་ཡོད་འདུག

ལས་ཁུངས་དེར་ད་ལྟའི་ཆར་ལས་བྱེད་༧ ཡོད་ཁར་སྐད་སྒྱུར་སྡེ་ཚན་དང་སྒྲ་འཇུག་སྡེ་ཚན། སྒྲིག་སྦྱོར་སྡེ་ཚན་བཅས་སྡེ་ཚན་གསུམ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 467

Leave a Reply