བོད་དང་༧གོང་ས་མཆོག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༥  ཕྱི་ལོ་ ༢༠༡༧/༧  /༡༢  

ད་ལྟའི་ཆར་བོད་མི་རིགས་ཀྱི་ལས་དབང་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གཉིས་འབྲེལ་ནས་ཡོད་ལ། རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་བྱེད་སྟངས་དང་། བོད་མི་རིགས་ཀྱི་འདུ་ཤེས་གང་ཐད་ནས་བཤད་ཀྱང་དེ་གཉིས་ནི་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་ངོས་འཛིན་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་གསལ་སྟོན་བྱེད་སྐབས་༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་རྒྱུ་དང་། རྒྱལ་ཁབ་ཁག་གི་དཔོན་རིགས་རྣམས་ཀྱིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་སོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། བོད་པའི་ངོས་ནས་ཀྱང་ལས་འགུལ་ག་འདྲ་ཞིག་སྤེལ་ཡང་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན་པ་འདི་ཉིད་གཙོ་བོར་འཛིན་བཞིན་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་འབུལ་རྒྱུར་རྒྱུ་ནོར་ལ་ཕངས་སེམས་མི་སྐྱེ་བ་ནི་བོད་པའི་གོམས་སྲོལ་ལྟ་བུར་གྱུར་ཡོད། ད་དུང་༧བོད་ནང་དུ་རང་སྲོག་བློས་གཏོང་མཁན་དག་ཐུན་མོང་གི་འབོད་ཚིག་གཅིག་ཡོད་པ་ནི་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱང་དགོས་པ་དེ་ཡིན།

ད་དུང་རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གཞི་རིམ་མི་མང་ནང་བོད་དོན་གྱི་འགུལ་བསྐྱོད་ཆེ་ཆུང་ག་འདྲ་ཞིག་བྱུང་ཡང་དོ་སྣང་དེ་ཙམ་མེད་པར། ༧གོང་ས་མཆོག་མཛད་འཕྲིན་ཁོ་ན་ལ་མིག་ཟུང་ཅེར་ནས་སྐྱོན་བརྗོད་སྐུར་འདེབས་བྱ་རྒྱུར་བྲེལ་ཡོད། དེ་ནི་བོད་མི་རིགས་ཀྱི་ལས་དབང་དང་། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་ནས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཡོད། ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་དྲན་སྲུང་རྩི་དེ་བོད་ཕྱི་ནང་གཉིས་དང་། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཞུས་སོང་བ་དང་བོད་མི་མང་གི་བསམ་བློའི་ནང་དུ་༧གོང་ས་མཆོག་གི་མཛད་འཕྲིན་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གལ་གནད་ག་འདྲ་ཞིག་ཏུ་གྱུར་ཡོད་མེད་ར་སྤྲོད་གསལ་པོ་བྱས་པ་རེད། བོད་པའི་མིང་ཁུར་མཁན་ཁ་ཤས་ཀྱིས་དོལ་རྒྱལ་ཁ་རུ་ཁྱེར་ནས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུ་ཁུལ་ཡང་། ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་ལྟར་ནུས་པ་གང་ཡང་མེད།

བོད་པ་ཁག་ཅིག་གིས་༧གོང་ས་མཆོག་གི་རྒྱབ་སྐྱོར་བ་ཡིན་པའི་རྣམ་འགྱུར་གྱི་ཐོག་ནས་བོད་པའི་ནང་༧གོང་ས་མཆོག་ལ་བརྩི་བཀུར་མི་ཞུ་མཁན་མང་པོ་ཡོད་ཚུལ་དང་། དེ་ལ་ཁ་གཏད་གདོང་ལེན་བྱེད་ཁུལ་གྱི་ཐོ་ཅོ་འདི་དག་ཀྱང་། དོན་དུ་༧གོང་ས་མཆོག་ལ་སྐུར་འདེབས་ལྟ་བུར་གྱུར་ཡོད་པ་ལས། བོད་མི་མང་གི་སེམས་ནང་དུ་ཡོད་པ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉག་གཅིག་ཏུ་གྱུར་ཡོད་པ་ནི་སྨྲོས་མི་དགོས་པ་རེད། བྱེད་སྟངས་དེ་ནི་ཆེད་དུ་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་དེ་དག་ནུས་པ་ཆུང་དུ་གཏོང་བར་༧གོང་ས་མཆོག་གི་ཁ་གཏད་དུ་བསྒྱུར་རྒྱུའི་བྱ་ཐབས་ཙམ་ཞིག་ལས་རྒྱུ་མཚན་གཞན་གང་ཡང་མེད། ད་ལྟའི་ཆར་བོད་རིགས་མི་མང་གི་མགོ་ཅུང་ཙམ་འགྱོགས་ཐུབ་པ་དེ་༧གོང་ས་མཆོག་གི་བཀའ་དྲིན་དང་ཐུགས་རྗེ་ཡིན་པ་བོད་པ་ཚང་མའི་གཅིག་གྱུར་གྱིས་ངོས་འཛིན་བྱེད་བཞིན་པའི་སྐབས་འདིར། ༧གོང་ས་མཆོག་གི་དམིགས་བསལ་གྱི་སྤྱན་གསལ་ཡིན་མདོག་གིས་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་ཧ་ཅང་མང་པོ་ཡོད་ཚུལ་བརྗོད་པ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་རེད།

ད་ལྟའི་དུས་འདིར་འཛམ་གླིང་ཧྲིལ་པོའི་ཁྱོན་འདིར་བོད་མི་རིགས་སྤྱི་ཡོངས་ནས་༧གོང་ས་མཆོག་ལ་བརྩི་བཀུར་ཡིད་ཆེས་ཞུས་པ་ལྟ་བུ་ཞིག ཆོས་ཕྱོགས་ཀྱི་བླ་ཆེན། སྲིད་ཕྱོགས་ཀྱི་དབུ་ཁྲིད་ག་འདྲ་ཞིག་ཡིན་ཡང་བརྩི་བཀུར་བྱེད་མཁན་ཞིག་མེད་ངེས་རེད་ལ། བོད་མི་རིགས་ཀྱི་ནང་དུ་༧གོང་ས་མཆོག་ལ་དོན་གྱིས་བརྩི་བཀུར་མི་ཞུ་མཁན་ནི་མཛུབ་རྩེར་བགྲང་ཆོག་པའི་གྲངས་ཀ་ཙམ་ལས་མེད། དེ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་གནས་བབས་ཐོག་ནས་ཆེས་བརྩི་བཀུར་ཞུ་ཡུལ་གྱི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད་པ་རྩོད་མེད་ཡོངས་གྲགས་སུ་གྱུར་ཡོད། ད་དུང་ལོ་རྒྱུས་ཀྱི་གནས་བབས་ཐོག་ནས་ཀྱང་༧གོང་ས་སྐུ་ཕྲེང་ན་རིམ་དང་བོད་མི་རིགས་ཀྱི་ལས་དབང་གཉིས་འབྲེལ་བ་དམ་ཟབ་བྱུང་མྱོང་ཡོད་ཀྱང་། ད་ལྟ་ཞལ་བཞུགས་པའི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྟ་བུ་ནི་འདས་པའི་སྐུ་ཕྲེང་རིམ་བྱོན་ཚང་མའི་ནང་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཟབ་ཤོས། བོད་རིགས་མི་མང་གི་སེམས་ནང་དུ་གལ་གནད་ཆེ་ཤོས་ཟིན་ཡོད་པ་ནི་འདས་པའི་ལོ་རྒྱུས་ལ་དོ་སྣང་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན་ཤེས་ཐུབ།

༧གོང་ས་སྐུ་ཕྲེང་ན་རིམ་ནི་བོད་མི་རིགས་ལ་བཀའ་དྲིན་ཆེ་བ་དང་། ལྷག་པར་དུ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་ནི་དེ་བས་ཀྱང་བཀའ་དྲིན་ཆེ་ནའང་། མ་འོངས་པར་སྐུ་ཕྲེང་ན་རིམ་བཞིན་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཡོད་པ་ཞིག་ཏུ་འགྱུར་སྲིད་མིན་དེ་ད་ལྟ་ནས་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་གཙོ་བོ་ཡང་སྲིད་ཅིག་འཚོལ་བའི་དབང་དུ་བཏང་ཡང་འབྲེལ་ཡོད་མི་སྣ་ཁག་ཅིག་གི་ཁེ་ཕན་ལ་དམིགས་ནས་གཡོ་འཕྲུལ་འདྲ་མིན་བྱེད་ངེས་པ་དང་། སྐུ་ཕྲེང་འདིའི་ཚབ་བྱེད་ཐུབ་པའི་ཡང་སྲིད་ཅིག་ཡོང་རྒྱུ་ཧ་ཅང་དཀའ་ཁག་གི་རང་བཞིན་དུ་གྱུར་ཡོད། དེ་ནི་སྐུ་འཁོར་དག་དང་། འགན་ཁུར་ཡོད་མཁན་དང་དབུ་ན་བཞུགས་པའི་བླ་སྤྲུལ་ཆེན་པོའི་མིང་འཛིན་པ་དག་གི་བྱེད་སྟངས་ང་ཚོའི་མིག་མདུན་དུ་ཡོད་སྟབས། བ་དེའི་ཉལ་སྟངས་ལ་བལྟས་ན་བེའུ་ཤི་རོ་ཞིག་ལས་མི་ཡོང་བ་ཤེས་གསལ་རེད། ད་ལྟའི་ཆར་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་ཡང་འཆོལ་ཉོག་ཏུ་གྱུར་ཟིན་པས། མ་འོངས་པར་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་༧གོང་ས་མཆོག་གི་ཡང་སྲིད་ག་འདྲ་ཞིག་ཡོང་སྲིད་མིན་དེ་སེམས་ཁྲལ་ཆེ་ཤོས་སུ་གྱུར་ཡོད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 68

Leave a Reply