བོད་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་བར་གྲོས་བསྡུར་ཐེངས་དང་པོ།

ཟླ་འདིའི་ཚེས་༧ ནས་༩ བར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ། བོད་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་ན་གཞོན་ལས་འགུལ་བ་དང་འགོ་ཁྲིད་༣༠ ཡི་བར་ལ། རང་དབང་དང་མང་གཙོ། རང་ཐག་རང་གཅོད་ཀྱི་ཐོབ་ཐང་བཅས་རྩོད་ལེན་ཐོག་ཐབས་ཇུས་ལྡན་པའི་ནུས་པ་མཉམ་སྤུངས་ཡོང་ཐབས་ཀྱི་གྲོས་བསྡུར་ཐེངས་དང་པོ་འཚོགས་ཡོད་པ་རེད་འདུག

དེ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གོ་སྒྲིག་བྱས་པ་ཡིན་འདུག

ཟླ་འདིའི་ཚེས་༩ ཉིན་གྲོས་བསྡུར་དེར་མཉམ་ཞུགས་བྱེད་མཁན་རྣམས་ཀྱིས་ཟུང་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེ་ནང་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་དང་རྗེས་སུ་རྒྱ་ནག་གིས་བཙན་འཛུལ་བྱས་པ། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཁྲིམས་མཐུན་གྱི་བོད་མིའི་ངོ་ཚབ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་སྐོར་འཁོད་འདུག

དེ་བཞིན་གྲོས་བསྡུར་དེའི་མཉམ་ཞུགས་བྱེད་མཁན་ཚོས་ཧོང་ཀོང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་རང་སྐྱོང་གི་ཐོབ་ཐང་ངོས་འཛིན་དང་། ཐའེ་ཝན་དེ་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པ་དང་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་ཡུལ་ལ་བརྟེན་ནས། རྒྱལ་ཁབ་དེའི་བདེ་འཇགས་དང་བདག་དབང་ལ་ཉེན་ཚབས་ཡོད་པ། ཐའེ་ཝན་དེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་པའི་འོས་བབ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འཁོད་འདུག

བསྒྲགས་གཏམ་དེའི་ནང་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལི་མིང་ཆི་དང་། རྒྱ་ནག་གི་ལས་འགུལ་བ་སུ་ཆང་ལན་དང་ཆེན་ཁེ་ཀྲང་། དེ་བཞིན་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་བཅས་འཕྲལ་དུ་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་པ་དང་། ཧོང་ཀོང་གི་རང་དབང་དང་མང་གཙོའི་ལས་འགུལ་ཁྲོད། ཁྲིམས་གཏུག་དང་ཉེས་འཛུགས་ཀྱི་དཀའ་ངལ་འཕྲད་པའི་ལས་འགུལ་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་འཁོད་འདུག

དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་གི་འཛིན་སྐྱོང་འོག རྒྱ་ནག་གིས་དྲག་གནོན་ཚབས་ཆེ་རུ་གཏོང་བཞིན་ཡོད་ཀྱང་། གཞོན་སྐྱེས་ཀྱི་འགོ་ཁྲིད་པའི་ལས་འགུལ་འདྲ་མིན་ལ་ངོས་འཛིན་དང་ཆེ་མཐོང་སྤྲོད་ཀྱི་ཡོད་པ་དང་། གྲོས་བསྡུར་དེར་མཉམ་ཞུགས་བྱེད་མཁན་ཚོས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོ་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ཁ་གཏད་གཅོག་དགོས་ཁར། བོད་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་མི་མང་གི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་བྱེད་ཀྱི་ཡོད་སྐོར་འཁོད་འདུག

མཐའ་མ་དེར་ཚོགས་འདུར་མཉམ་ཞུགས་པ་ཚོས་བོད་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་ལས་འགུལ་བ་ཚོའི་བར་ལ་ཕྱོགས་བསྒྲིལ་ཟབ་པོ་དགོས་པ་དང་ནུས་པ་མཉམ་སྤུང་ཐོག་ནས། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མང་གཙོ། རང་ཐག་རང་གཅོད་བཅས་རྩོད་ལེན་བྱེད་པའི་དགོས་འདུན་བཏོན་འདུག

གྲོས་བསྡུར་དེར་བོད་མིའི་ལས་འགུལ་བ་དང་སྤྱི་འཐུས་ཁག་ཅིག་མཉམ་ཞུགས་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 499

Leave a Reply