བོད་དང་ཡོ་རོབ་མཐུན་ཚོགས་གཉིས་བར་ཐུན་མོང་གི་སྡིངས་ཆ་ཡོད་སྐོར་གསུངས་སོང་།

༧གོང་ས་མཆོག་དང་ཡོ་རོབ་མཐུན་ཚོགས་གཉིས་ཀ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཡིན་སྟབས། བོད་དང་ཡོ་རོབ་མཐུན་ཚོགས་གཉིས་བར་ཐུན་མོང་གི་སྡིངས་ཆ་ཡོད་རེད་ཅེས་ཡོ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་སྐུ་ཞབས་ཧྥ་རན་སེ་སི་ཀོ་ཇོར་ཇི་ཡིས་བརྗོད་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ལྔའི་གྲོས་ཚོགས་འཐུས་མི་ཁག་ཅིག་གི་ཕྱག་རོགས་ལས་བྱེད་བོད་དོན་རྒྱབ་སྐྱོར་བ་༧ གྱིས་དྷ་སར་གཟིགས་སྐོར་གནང་བའི་སྐོར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཡོད་པ་རེད། སྐུ་ཚབ་ཚོགས་ཆུང་དེས་ཟླ་འདིའི་ཚེས་༢༡ ཉིན་ དྷ་སར་འཚམས་གཟིགས་གནང་བ་དང་། དེ་ནི་དྷ་སར་གཟིགས་སྐོར་དུ་ཕེབས་པ་ཐེངས་དང་པོ་ཡིན་འདུག

གསར་འགོད་ལྷན་ཚོགས་ཐོག་ལྕམ་ཧེ་རི་ཊི་ཁི་ལེས་ཊོན་དང་། ལྕམ་ཤོན་ཞི་བྷི་ཧྥོ་རོ། ལྕམ་ཌ་ལི་ལ་བྷེར་ནན་ཌི། སྐུ་ཞབས་ཧྥ་རན་སེ་སི་ཀོ་ཇོར་ཇི་བཅས་ཕེབས་ཏེ། ད་ཐེངས་འཚམས་གཟིགས་སྐབས་སུ་བྱུང་བའི་ཁོ་རང་ཚོའི་མཐོང་ཐོས་དང་མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་བྱེད་སྟངས་དང་འབྲེལ་བའི་སྐོར་གསུངས་སོང་།

སྐབས་དེར་ཁོང་ཚོས་བོད་ཀྱི་འགོ་ཁྲིད་དང་། སློབ་ཕྲུག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་དང་ཐུག་འཕྲད་བྱས་པ་བརྒྱུད་ནས་བོད་པ་རྣམས་བློ་ཁོག་ཆེན་པོ་དང་། ཡིན་ལུགས་ཚུལ་ལྡན་ཡིན་པ་ཤེས་རྟོགས་བྱུང་སྐོར་དང་། དེ་བཞིན་བོད་པ་རྣམས་ཀྱིས་ཆོས་རིག་སྐད་ཡིག་དང་བཅས་པ་ཉར་ཚགས་གནང་བཞིན་པར་རྗེས་སུ་ཡི་རངས་ཡོད་སྐོར། བོད་ཀྱི་ན་ཆུང་སློབ་ཕྲུག་རྣམས་ལ་རང་བྱུང་ཁོར་ཡུག་གཏོར་སྐྱོན་སོགས་ཀྱི་སྐོར་ལ་ཤེས་རྟོགས་ཡོད་པ་མཐོང་དུས་ཧང་སང་བ་བྱུང་སྐོར།

གཞན་ཡང་བོད་དང་ཡོ་རོབ་མཐུན་ཚོགས་གཉིས་བར་མཚུངས་ཆོས་མང་པོ་ཡོད་པ་མ་ཟད། ༧གོང་ས་མཆོག་དང་ཡོ་རོབ་མཐུན་ཚོགས་གཉིས་ཀ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཡིན་པའི་རྒྱུ་མཚན་གྱི་ཐོག་ནས་བོད་དང་ཡོ་རོབ་མཐུན་ཚོགས་གཉིས་བར་ལ་ཐུན་མོང་གི་སྡིངས་ཆ་ཡོད་པ་དང་། སྐད་ཆ་དེ་ཕྱིར་ལོག་རྗེས་ཡོ་རོབ་ནང་དུའང་བཤད་རྒྱུ་ཡིན་སྐོར་། དེ་བཞིན་ཞི་བའི་ཐོག་ནས་བོད་དོན་འགྲིག་འཇགས་འབྱུང་ཐབས་བྱེད་བཞིན་པར་རྗེས་སུ་ཡི་རངས་ཡོད་སྐོར་གསུངས་སོང་།

དེ་བཞིན་ཐབས་ལམ་ག་འདྲ་ཞིག་གི་ཐོག་ནས་བོད་དོན་ཐོག་རོགས་སྐྱོར་ག་རེ་བྱེད་ཐུབ་ན་མུ་མཐུད་ནས་བྱ་རྒྱུ་ཡིན་པ་མ་ཟད། བཙན་བྱོལ་ནང་བོད་པ་རྣམས་ཅི་འདྲ་གནས་ཡོད་མེད་དང་། བོད་པ་ཚོའི་རྩ་དོན་ག་རེ་ཡིན་མིན་བཅས་ཀྱི་སྐོར་མི་གཞན་ལ་ལབ་གླེང་བྱེད་རྒྱུ་ཡིན་སྐོར། གཞན་ཡང་ད་ཐེངས་ཀྱི་འཚམས་གཟིགས་འདི་བརྒྱུད་ནས་བོད་པའི་གནས་སྟངས་ཀྱི་སྐོར་ལ་བློ་བསྐྱེད་རྒྱ་ཆེན་པོ་ཐོབ་བྱུང་ཚུལ་བཅས་སོགས་གསུངས་སོང་།

ཡང་ཁོ་ཚོས་བཙན་བྱོལ་བོད་མིའི་གནས་སྟངས་ཙམ་མ་ཡིན་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གིས་མཚོན་པའི་དཀའ་སྡུག་རྣམས་ཡིག་ངག་གཉིས་ཀའི་ཐོག་ནས་ལབ་གླེང་བྱ་རྒྱུ་ཡིན་སྐོར་ཡང་གསུངས་སོང་།

ཐེངས་འདིའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ལས་བྱེད་རྣམས་པ་དང་ལྷན་དུ་ཕེབས་པ་བྷེལ་འཇམ་སྦར་སེལ་བོད་མིའི་སྐུ་ཚབ་དོན་ཁང་གི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚན་པའི་ལས་བྱེད་རིག་འཛིན་ཆོས་སྒྲོན་གྱིས་གསུངས་པ་ལྟར་ན། ཡོ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ལས་བྱེད་རྣམས་བཞུགས་སྒར་དྷ་སར་གདན་ཞུ་བྱེད་དོན་ནི། ཡུ་རོབ་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་ཡོང་བར་གྲོས་ཚོགས་འཐུས་མི་ཙམ་མ་ཡིན་པར། གྲོས་ཚོགས་འཐུས་མིའི་ཕྱག་རོགས་ལས་བྱེད་རྣམས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་དེ་ཡང་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས།

ཁོང་རྣམ་པ་གདན་ཞུ་བྱས་པ་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། སྤྱི་ཚོགས་ནང་ད་བར་དུ་ཁོ་རང་ཚོས་རོགས་སྐྱོར་བྱས་པ་རྣམས་གང་དུ་ཕྱིན་ཡོད་མེད་དང་། མ་འོངས་པར་ཕྱག་རོགས་གནང་ཚེ་གང་དུ་འགྲོ་རྒྱུ་ཡིན་མིན་ཐད་ཤེས་རྟོགས་ཡོང་ཐབས་ཀྱི་ཆེད་དུ་ཡིན་པ་རེད་འདུག ད་ཐེངས་ཁོང་རྣམ་པ་འཚམས་གཟིགས་སུ་ཕེབས་དོན་ཡང་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཤེས་རྟོགས་ཡོང་ཐབས་སུ་ཡིན་འདུག

སྤྱིའི་ཆ་ནས་ཡུ་རོབ་གྲོས་ཚོགས་འཐུས་མིའི་ལས་ཁུངས་སུ་ཕྱག་ལས་གནང་མཁན་ལས་བྱེད་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི། ཕྱི་ལོ་༢༠༡༦ ཕྱི་ཟླ་༡༠ ཚེས་༡༧ ཉིན་གསར་འཛུགས་གནང་ཡོད་པ་དང་། ཚོགས་པ་དེ་དང་གྲོས་ཚོགས་འཐུས་མི་རྣམ་པའི་རྒྱབ་སྐྱོར་འོག་ལོ་སྔོན་མའི་ཟླ་༡༢ པའི་ནང་ཡོ་རོབ་གྲོས་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་བཞག་སྟེ། རྒྱ་ནག་གཞུང་ནས་བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་རྣམས་བཙན་དབང་ཐོག་ནས་ཕྱིར་འབུད་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 183

Leave a Reply