བོད་དེ་རྒྱལ་ཁབ་ཁག་གི་མིང་གཞུང་ནང་བཞག་པར་དགོངས་སེལ་ཞུས་འདུག

རྒྱ་ནག་ནང་རྒྱལ་སྤྱིའི་མགྲོན་ཁང་ཆེ་གྲས་ཤིག་གིས་འདྲི་རྩད་རེའུ་མིག་ཐོག བོད་དེ་རྒྱལ་ཁབ་ཁག་གི་མིང་གཞུང་ཁོངས་སུ་བཞག་ཡོད་འདུག་པས།  ངོ་རྒོལ་དང་སྐྱོན་བརྗོད་ཆེན་པོ་བྱུང་ནས་དགོངས་སེལ་ཞུ་དགོས་ཁེལ་འདུག

ཟླ་༡ པོའི་ཚེས་༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་ནང་མགྲོན་ཁང་༡༢༤ ཡོད་པའི་རྒྱལ་སྤྱིའི་མགྲོན་ཁང་ཚོང་ལས་ཁང་མཱེ་རོའུ་ཌ་(Marriott) ཞེས་པ་དེས། རྒྱ་ནག་ནང་འདེམས་སྒྲུག་བྱས་པའི་མགྲོན་པོ་གལ་ཆེན་ཁག་ཅིག་ལ་གློག་འཕྲིན་བརྒྱུད། མགྲོན་ཁང་གི་ཞབས་ཞུའི་ཐད་བསམ་ཤོག་བསྡུ་ལེན་གྱི་འདྲི་རྩད་རེའུ་མིག་ཅིག་བསྐུར་ཡོད་འདུག་པ་དང་། དེའི་ནང་མགྲོན་པོ་རྣམས་ས་གནས་གང་ནས་ཡིན་མིན་འདེམ་དགོས་པའི་མིང་གཞུང་ཁོངས་སུ། བོད་དང་ཧོང་ཀོང་། ཐའེ་ཝན། མཱ་ཁའོ་བཅས་རྒྱལ་ཁབ་ཀྱི་མིང་གཞུང་ནང་ཡོད་པ་ལས། རྒྱ་ནག་གི་མངའ་ཁུལ་ཡིན་པ་བསྟན་མེད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཐོག་མར་འདྲི་རྩད་རེའུ་མིག་དེ་རིགས་འབྱོར་ཡུལ་རྒྱ་ནག་གི་མི་སེར་ཞིག་གིས་གནད་དོན་དེར་དོ་སྣང་བྱུང་རྗེས། ཚོང་ལས་ཁང་དེར་གནད་དོན་དེའི་ཐད་འབྲེལ་བ་བྱས་ནས་སྐྱོན་བརྗོད་བྱས་ཡོད་ཀྱང་། འགྱུར་བ་བཏང་མེད་པས། མི་དེས་རྒྱ་ནག་ནང་གི་ཁྱབ་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཝི་བྷོའི་ཐོག་གནད་དོན་དེའི་སྐོར་བྲིས་ཡོད་འདུག དེ་རྗེས་ཟླ་༡ པོའི་ཚེས་༩ ཉིན་གྱི་དགོང་མོ་བར་ཁོང་གི་བསྒྲགས་ཡིག་དེ་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཐེངས་༡༥༠༠༠ ལས་མང་བ་བྱས་ཡོད་འདུག་པ་དང་། མང་པོ་ཞིག་གིས་མགྲོན་ཁང་དེར་ངོ་རྒོལ་བྱེད་དགོས་སྐོར་བརྗོད་འདུག ཉིན་དེའི་ཕྱི་དྲོར་མགྲོན་ཁང་དེས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཝི་བྷོར་“ང་ཚོས་ནོར་འཁྲུལ་དེས་རྒྱ་ནག་གི་མགྲོན་པོ་མང་པོ་ཞིག་ལ་བློ་ཕམ་དུ་བཅུག་གི་ཡོད་པ་ཤེས་རྟོགས་བྱུང་བས། དགོངས་སེལ་ཞུ་རྒྱུ་དང་འདྲི་རྩད་རེའུ་མིག་དེ་ཕྱིར་འཐེན་བྱས་ཟིན་པས། མྱུར་དུ་དེ་ནོར་བཅོས་བྱ་རྒྱུ་ཡིན་”ཞེས་པའི་བསྒྲགས་ཡིག་བཀོད་ཡོད་འདུག

གནད་དོན་དེ་ཐོག་མར་དྲ་ཐོག་ཏུ་སྤེལ་མཁན་མི་དེས། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཏུ། འདྲི་རྩད་རེའུ་མིག་དེའི་ནང་ཧོང་ཀོང་དང་ཐའེ་ཝན། མཱ་ཁའོ་བཅས་ཀྱི་མིང་གི་རྗེས་སུ་མངའ་ཁུལ་ཞེས་བཀོད་མེད་པ་མ་ཟད། བོད་ཀྱི་མིང་གི་རྗེས་སུ་རྒྱ་ནག་གི་བོད་རང་སྐྱོང་ལྗོངས་མ་བཀོད་པར། བོད་དེ་རྒྱལ་ཁབ་གཅིག་གི་མིང་ཐོག་ཏུ་བཀོད་ཡོད་པས། ཚོང་ལས་ཁང་དེར་འབྲེལ་བ་བྱས་ནས་སྐྱོན་བརྗོད་བྱས་སྐོར་བརྗོད་འདུག

མཱེ་རོའུ་ཌ་རྒྱལ་སྤྱིའི་མགྲོན་ཁང་ནི་ཨ་རིའི་ནང་གི་མགྲོན་ཁང་དང་ཞབས་ཞུའི་རྒྱལ་སྤྱིའི་ཚོང་ལས་ཁང་ཞིག་ཡིན་པ་དང་། བོད་སོགས་རྒྱལ་ཁབ་ཁག་གི་མིང་གཞུང་ནང་བཀོད་མཁན་རྒྱལ་སྤྱིའི་མགྲོན་ཁང་དང་པོ་དེ་མིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 581

Leave a Reply