བོད་དོན་ལས་འགུལ་ལ་བརྟེན་ནས་རྒྱ་ནག་གི་རྐང་སྤོལ་རུ་ཁག་ཕྱིར་ལོག་བྱ་རྒྱུ་ཡིན་འདུག

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས། རྒྱ་ནག་གི་ལོ་ངོ་༢༠ མན་ཆད་ཀྱི་རྐང་སྤོལ་རུ་ཁག་གི་རྩེད་འགྲན་ཞིག་ཏུ། བོད་ཀྱི་རྒྱལ་དར་འགྲེམས་བཤམས་བྱས་པ་དང་། ལས་འགུལ་དེ་རིགས་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བརྗོད་པས། རྒྱ་ནག་གི་རྐང་སྤོལ་རུ་ཁག་གི་རྩེད་འགྲན་ལྷག་མ་རྣམས་ཀྱི་ལས་རིམ་དུས་ཚོད་ངེས་མེད་རིང་ཕྱིར་འཐེན་བྱས་ཏེ། རུ་ཁག་དེ་རྒྱ་ནག་ཏུ་ཕྱིར་ལོག་བྱ་རྒྱུ་ཡིན་འདུག

ཟླ་༡༡ པའི་ཚེས་༢༧ ཉིན་ཧོང་ཀོང་རང་དབང་གསར་ཤོག་གི་དྲ་རྒྱར་གནས་ཚུལ་སྤེལ་གསལ། དེ་སྔོན་ཟླ་༡༡ པའི་ཚེས་༡༨ ཉིན་ཡུ་རོབ་འཇར་མན་རྒྱལ་ཁབ་ཀྱི་གྲོང་ཁྱེར་མེན་ཛེ་ནང་དུ། རྒྱ་ནག་གི་ལོ་ངོ་༢༠ མན་ཆད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་དང་། ཁུལ་དེའི་འཇར་མན་གྱི་རིམ་པ་བཞི་པའི་རྩེད་འགྲན་ནང་ཡོད་པའི་རྐང་སྤོལ་རུ་ཁག་བར་རྩེད་འགྲན་བྱེད་བཞིན་སྐབས།  ལྟད་མོ་བའི་ཁྲོད་ནས་བོད་མི་༤ དང་བོད་དོན་རྒྱབ་སྐྱོར་བ་༢ བཅས་ཀྱིས་། བོད་ཀྱི་རྒྱལ་དར་འགྲེམས་བཤམས་བྱས་པས། རྒྱ་རིགས་ལྟད་མོ་བ་ཞིག་གིས་རྒྱལ་དར་འཕྲོག་ཐབས་བྱས་ཡོད་པ་དང་། དེ་བཞིན་རུ་ཁག་གི་ལས་བྱེད་ཀྱང་དེ་གར་སླེབས་སྐབས་རྩེད་འགྲན་གོ་སྒྲིག་པ་སླེབས་ནས་བར་འདུམ་བྱས་ཡོད་པ་རེད། སྐབས་དེར་ཐོག་མར་རྒྱ་ནག་གི་རུ་ཁག་དེས་རྩེད་ཐང་ནས་ཕྱིར་ཐོན་ཡོད་ཀྱང་རྗེས་སུ་ཕྱིར་སླེབས་ཡོད་པ་རེད་འདུག སྐབས་དེར་རྩེད་འགྲན་གོ་སྒྲིག་པས་ལས་འགུལ་བ་ཚོར་རྒྱལ་དར་ཕྱིར་བསྡུ་བྱེད་པའི་སྡིགས་ར་སྐུལ་བའི་གནས་ཚུལ་མི་ཡོང་བ་ཁས་ལེན་བྱས་པ་མ་ཟད། ཁོ་ཚོར་བདེ་འཇགས་མི་སྣ་ཡང་འགྲེམས་འཇོག་བྱས་ཡོད་འདུག

རྩེད་འགྲན་རྗེས་སུ་འཇར་མན་རྐང་སྤོལ་ལྷན་ཚོགས་ཀྱི་ཚོགས་གཞོན་རཱོ་ནི་ཛི་མེར་མེན་གྱིས། འཇར་མན་ནང་དུ་སྨྲ་བརྗོད་རང་དབང་ཡོད་པས། ངོ་རྒོལ་ལས་འགུལ་བཀག་འགོག་བྱེད་ཐབས་མེད་སྐོར་བརྗོད་ཡོད་འདུག རྗེས་སུ་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ལུ་ཀང་གིས། ཁ་བྲལ་རིང་ལུགས་པ་དང་རྒྱ་ནག་ལ་ཁ་གཏད། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད། དེ་བཞིན་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་བྱ་སྤྱོད་སོགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་བམ་མི་སྒེར་པ་སུ་ཡིན་ནའང་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། གནས་ཚུལ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་པོ་བརྒྱུད་སྤེལ་བྱུང་ཡོད་པ་རེད།

བོད་དོན་ལས་འགུལ་བ་ཚོས་རྒྱ་ནག་གི་རྐང་སྤོལ་རུ་ཁག་དེའི་རྩེད་འགྲན་རྣམས་ལ། ལས་འགུལ་དེ་རིགས་མུ་མཐུད་སྤེལ་འཆར་ཡོད་སྐོར་བསྒྲགས་རྐྱེན། ཟླ་༡༡ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། ལོ་མཇུག་བར་རྒྱ་ནག་གི་རྐང་སྤོལ་རུ་ཁག་གི་རྩེད་འགྲན་ལས་རིམ་གསུམ་ཕྱིར་འཐེན་བྱས་ཡོད་ཁར། ལས་རིམ་གཞན་རྣམས་དུས་ཚོད་ངེས་མེད་རིང་མཚམས་འཇོག་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། སྐབས་དེར་འཇར་མན་རྐང་སྤོལ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས། ཁོ་ཚོར་གནས་སྟངས་ལ་ཞི་ལྷོད་ཐོག་ནས་གྲོས་མོལ་བྱས་ཏེ་གནས་ལུགས་ལྡན་པའི་ཐབས་ལམ་ཞིག་རྙེད་ཆེད། རྩེད་འགྲན་མཚམས་འཇོག་བྱས་པའི་དུས་ཚོད་དེ་གལ་ཆེན་ཆགས་ཡོད་པ། རྒྱ་ནག་དང་འཇར་མན་གྱི་རྐང་སྤོལ་ལྷན་ཚོགས་གཉིས་ཀྱིས་མྱུར་དུ་རྩེད་འགྲན་ལས་རིམ་དེ་བསྐྱར་དུ་འགོ་འཛུགས་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག རྒྱ་ནག་གི་རྐང་སྤོལ་ལྷན་ཚོགས་ཀྱིས་གནས་སྟངས་དེ་འགྱོད་པ་སྐྱེས་འོས་པ་ཞིག་ཡིན་པ་དང་། གནས་ཡུལ་རྒྱལ་ཁབ་ཀྱིས་སྐུ་མགྲོན་ལ་གུས་བརྩི་བྱ་རྒྱུ་གལ་ཆེན་ཡིན་པ། རྒྱལ་ཁབ་གཉིས་བར་གྱི་གུས་བརྩི་དེ་གཉིས་མོས་དགོས་སྐོར་བརྗོད་ཡོད་འདུག

ཟླ་༡༡ པའི་ཚེས་༢༦ ཉིན་རྒྱ་ནག་གི་རྐང་སྤོལ་ལྷན་ཚོགས་ཀྱིས། རྒྱ་ནག་རྐང་སྤོལ་རུ་ཁག་དེ་ཕྱིར་རྒྱ་ནག་ལ་ལོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད་འདུག

རྒྱ་ནག་གི་རྐང་སྤོལ་རུ་ཁག་དེ་ཡར་རྒྱས་འགྲོ་ཆེད། འཇར་མན་གྱི་རིམ་པ་བཞི་པའི་རྐང་སྤོལ་རུ་ཁག་རྣམས་ལ་རྩེེད་འགྲན་བྱ་རྒྱུའི་ལས་རིམ་བསྒྲིགས་ཡོད་འདུག་པ་དང་། རྩེད་འགྲན་བྱེད་མཁན་རུ་ཁག་རེ་ལ་ཡུ་རོབ་སྒོར་མི་ཁྲི་གཅིག་དང་ལྔ་སྟོང་རེ་སྤྲོད་རྒྱུ་བྱས་ཡོད་འདུག་པས། རུ་ཁག་༣ གྱིས་རྩེད་འགྲན་བྱ་རྒྱུར་ཁས་བླངས་མེད་པ་དང་༡༦ གིས་ཁས་ལེན་བྱས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 245

Leave a Reply