བོད་པའི་སློབ་ཕྲུག་བདུན་མགོ་སྐོར་བཏང་ནས་ཧིན་སྒོར་འབུམ་༤༠ དང་སྟོང་ཕྲག་༢༥ ཧམ་ཟ་བྱས་འདུག

ཕྱི་ལོ་༢༠༡༦ ལོར་འཛིན་གྲྭ་བཅུ་གཉིས་ཐོན་མཁན་བོད་པའི་སློབ་ཕྲུག་བདུན་ལ། རྒྱ་གར་མཐོ་སློབ་ཅིག་གི་བདག་པོས་མཐོ་སློབ་དེར་སློབ་འཇུག་བྱ་རྒྱུར་ཁས་ལེན་གྱིས། ཧིན་སྒོར་འབུམ་༤༠ དང་སྟོང་ཕྲག་༢༥། དེ་བཞིན་དགོས་མཁོ་ཅན་གྱི་གལ་ཆེའི་ཡིག་ཆ་ཚང་མ་བླངས་ནས། ལོ་གཅིག་འདས་ཟིན་ཀྱང་མཐོ་སློབ་ཏུ་སློབ་འཇུག་བྱས་མེད་པ་མ་ཟད། དངུལ་དང་ཡིག་ཆ་ཕྱིར་མ་སློག་ནས་དཀའ་ངལ་འཕྲད་མུས་ཡིན་པ་རེད་འདུག

དེ་ཡང་ཉིན་ཤས་སྔོན་ནས་དྲ་ཐོག་ཏུ་ཞུ་སྙན་ཞིག་ཁྱབ་སྤེལ་འགྲོ་བཞིན་འདུག་པ་དང་། དེའི་ནང་བོད་པའི་སློབ་ཕྲུག་བདུན་ཕྱི་ལོ་༢༠༡༦ ལོར་འཛིན་རིམ་བཅུ་གཉིས་ཐོན་རྗེས། བྷེང་ལོར་དུ་མཐོ་སློབ་འཚོལ་དུ་འགྲོ་སྐབས། བོད་མི་ཟླ་བ་ཚེ་རིང་ཞེས་པ་ཞིག་གིས། བྷེང་ལོར་དུ་རྟེན་གཞི་བྱས་པའི་(Vyedhi  Institute of Science and Research Center)ཞེས་པའི་མཐོ་སློབ་ཀྱི་བདག་པོ་བུད་མེད་ཆའེ་ཐན་ཡ་(Chaithanya)ངོ་སྤྲོད་བྱས་ཡོད་འདུག སྐབས་དེར་བུད་མེད་དེས་ཁོང་ཚོར་མཐོ་སློབ་དེའི་ནང་སྨན་ཞབས་དང་སོ་སྨན་པའི་སློབ་ཚན་ཁོངས་སློབ་འཇུག་བྱ་རྒྱུ་ཁས་ལེན་བྱས་ཏེ། སློབ་ཕྲུག་དེ་དག་ལས་སློབ་ཡོན་དང་སློབ་འཇུག་ཡོང་ཆེད་ཞལ་འདེབས་བཅས་ཁྱོན་བསྡོམས་ཧིན་སྒོར་འབུམ་༤༠ དང་སྟོང་ཕྲག་༢༥ བླངས་ནས། ཟླ་༦ པ་ནས་འཛིན་གྲྭ་འཚོགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། སྐབས་དེར་འཛིན་གྲྭ་འཚོགས་ཐུབ་མེད་པ་དང་། དེ་རྗེས་ཟླ་༨ པའི་ནང་འཚོགས་རྒྱུ་ཡིན་སྐོར་བརྗོད་ནས། མཐའ་མ་དེར་ཟླ་༩ པའི་བདུན་ཕྲག་གསུམ་པ་བར་ཕྱིར་འགྱངས་བྱས་ཡོད་འདུག

ཟླ་༩ པའི་ནང་སློབ་ཕྲུག་དེ་དག་མཐོ་སློབ་ཏུ་བསྐྱོད་སྐབས་སློབ་འཇུག་གི་ལྟེ་གནས་ཁང་དུ་ཁོང་ཚོའི་མིང་ཐོ་མེད་པས། དཀའ་ངལ་མང་པོ་ཞིག་འཕྲད་ནས། རྗེས་སུ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལ་དཀའ་ངལ་ཞུ་གཏུག་བྱས་འདུག དེ་རྗེས་ཁོང་གི་རོགས་སྐྱོར་ལ་བརྟེན་ནས་དེ་སྔོན་དངུལ་སྤྲོད་ཡུལ་བུད་མེད་དེ་དང་ཐུག་ཐུབ་པ་བྱུང་འདུག་ཀྱང་། སྐབས་དེར་ཁོང་མོས་སློབ་ཕྲུག་དེ་དག་ཟླ་༡༠ པའི་ཚེས་༢༢ ཉིན་འཛིན་གྲྭར་མཉམ་ཞུགས་བྱེད་དགོས་སྐོར་བརྗོད་ཡོད་འདུག

དེ་རྗེས་སློབ་ཕྲུག་དེ་ཚོས་བུད་མེད་དེ་དང་ཐུག་ཐབས་མང་པོ་བྱས་ཡོད་འདུག་ཀྱང་། བུད་མེད་དེས་མོས་མཐུན་བྱས་མེད་པས། མཐམ་མར་འུ་ཐུག་ནས་མོའི་ནང་དུ་ཕྱིན་འདུག སྐབས་དེར་མོ་ནང་དུ་བསྡད་མེད་པས་ཚུར་ལོག་ཡོང་སྐབས་ལམ་བར་དུ་མོ་དང་ཐུག་འདུག་པ་དང་། དེའི་སྐབས་མོས་ཁོང་ཁྲོ་དང་བཅས་ཡིག་ཚང་དུ་ཐུག་པར་ཡོང་དགོས་སྐོར་བརྗོད། དེ་རྗེས་ཟླ་༡༠ པའི་ཚེས་༢༦ ཉིན་བུད་མེད་དེས་སློབ་ཕྲུག་ཚོའི་མཐོ་སློབ་ཀྱི་ས་མིག་མེད་པ་བཟོས་པ་མ་ཟད། ཁོང་མོར་བསུན་གཙེར་བཟོས་པའི་ཁྲིམས་གཏུག་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་འདུག

དེ་རྗེས་བུད་མེད་དེས་སློབ་ཕྲུག་ཚོའི་དངུལ་དང་ཡིག་ཆ་རྣམས་ཕྱིར་སློག་བྱ་རྒྱུའི་ཚེས་གྲངས་ཐེངས་མང་པོ་ཞིག་གཏན་འབེབས་བྱས་ཡོད་ཀྱང་། དེ་དག་དངོས་སུ་ལག་བསྟར་བྱས་མེད་པ་རེད་འདུག ཟླ་༡༡ པའི་ཚེས་༡༦ ཉིན་བུད་མེད་དེའི་ལས་རོགས་ཨ་ནན་ཌེ་གྷོ་ཌ་Annand Gowda ཞེས་པ་དེས་ཁ་པར་སླེབས་ནས་དངུལ་དང་ཡིག་ཆ་ཐོག་མར་ཁོང་ཚོར་རོགས་པ་བྱེད་མཁན་བོད་མི་ཟླ་བ་ཚེ་རིང་ཞེས་པ་དེར་སྤྲད་ཡོད་སྐོར་བརྗོད་འདུག་ཀྱང་། ཟླ་བ་ཚེ་རིང་གིས་དེ་དག་ལག་སོན་བྱུང་མེད་སྐོར་བརྗོད་ཡོད་འདུག

འདི་གའི་གསར་འགོད་པས་ཟླ་འདིའི་ཚེས་༢༧ ཉིན་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལ་ཁ་པར་བཏང་ནས་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་པས། ཁོང་གིས་གནས་ཚུལ་དེ་བདེན་པ་ཡིན་སྐོར་བརྗོད་བྱུང་ལ། ཁོང་གིས་སློབ་ཕྲུག་དེ་དག་དང་མཉམ་དུ་རྒྱ་གར་ལྷོ་ཕྱོགས་ཀ་ན་ཀྲ་ཀ་མངའ་སྡེའི་ནང་སྲིད་བློན་ཆེན་དང་ཐུག་འཕྲད་བྱས་པ་དང་། དེ་བཞིན་ཉེན་རྟོག་ཁང་དུ་ཐེངས་མང་པོ་ཕྱིན་ཡོད་ཀྱང་། སློབ་ཕྲུག་ཚོས་བུད་མེད་དེ་ཁྲིམས་གཏུག་བྱ་འདོད་མེད་པར་ནང་འགྲིག་བྱ་འདོད་ཡོད་འདུག་པས། ད་བར་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པ་རེད་འདུག དེ་བཞིན་ཁོང་གིས་བརྗོད་དོན་ལྟར་ན་བོད་མི་ཟླ་བ་ཚེ་རིང་ལ་དངུལ་དང་ཡིག་ཆ་རག་མེད་པ་གསལ་པོ་ཡིན་པ་དང་། དེའི་ཐོག་བུད་མེད་དེ་མི་ཚང་ཆེན་པོ་དང་ཆབ་སྲིད་ཀྱི་རྒྱབ་རྟེན་ཆེན་པོ་ཡོད་མཁན་ཡིན་སྐོར་དང་། ད་ལྟའི་ཆར་ཟླ་བ་ཚེ་རིང་གིས་ཉེན་རྟོག་ཁང་དུ་ཁོང་ལ་དངུལ་དང་ཡིག་ཆ་རག་མེད་པའི་ཞུ་གཏུག་གི་ཡིག་ཆ་སྤྲད་ཟིན་པ་ཡིན་སྐོར་བརྗོད་སོང་།

སློབ་ཕྲུག་དེ་དག་ལོ་གཅིག་རིང་མཐོ་སློབ་ཏུ་འགྲོ་རྒྱུ་མ་བྱུང་ནས་ལོ་གཅིག་ཆུད་ཟོས་ཕྱིན་འདུག་པ་དང་། དེ་དག་ལས་༦ བོད་ནས་ཡོང་མཁན་དང་༡ རྒྱ་གར་གཞིས་ཆགས་ནས་ཡིན་འདུག དེའི་ཁྲོད་༦ བུ་མོ་དང་༡ བུ་ཡིན་པ་རེད་འདུག

ཁོང་ཚོ་ལས་སློབ་མ་ཞིག་ལ་ཁ་པར་བཏང་ནས་གནད་དོན་དེའི་སྐོར་སྐད་ཆ་དྲིས་པས། ཁོང་མོས་རྒྱ་གར་གྱི་བུད་མེད་དེ་ངོ་སྤྲོད་བྱེད་མཁན་ཟླ་བ་ཚེ་རིང་ཞེས་པ་དེ། སྔོན་མ་ནས་སློབ་གྲྭ་ཁག་ཏུ་སློབ་འཇུག་སྐོར་ལ་རོགས་རམ་བྱེད་ཀྱི་ཡོད་སྐོར་གྱི་གཏམ་བཤད་བྱེད་པར་སླེབས་ཡོད་འདུག་པ་དང་། དེ་སྔོན་ཁོས་སློབ་ཕྲུག་ཁག་ཅིག་ལ་སློབ་འཇུག་རོགས་རམ་བྱེད་ཐུབ་ཡོད་འདུག་པས། ཁོང་ཚོས་ཡིད་ཆེས་བྱས་ཏེ་ཁོང་ལ་འབྲེལ་བ་བྱས་པ་ཡིན་འདུག

དེ་བཞིན་མཐོ་སློབ་དེའི་བདག་པོ་རྒྱ་གར་བུད་མེད་དེས་ཁོང་ཚོ་མོའི་ནང་དུ་སླེབས་ནས་ཁྱིམ་ཚང་གི་མིང་བརྫད་ཡོད་ཚུལ་བརྗོད་ནས། མཐོ་སློབ་ཀྱི་ས་མིག་མེད་པ་བཟོས་ཡོད་འདུག ད་ལྟའི་ཆར་ཁོང་ཚོའི་དངུལ་དང་འཛིན་རིམ་བཅུ་གཉིས་སློབ་ཐོན་ལག་ཁྱེར་སོགས་ཀྱི་གལ་ཆེའི་ཡིག་ཆ་ཁག་ཕྱིར་སློག་བྱས་མེད་པ་རེད་འདུག

དེ་བཞིན་ཁོང་ཚོས་རྒྱ་གར་བུད་མེད་དེ་ཁྲིམས་གཏུག་མི་བྱེད་པའི་རྒྱུ་མཚན་ནི། ཁྲིམས་གཏུག་གི་བརྒྱུད་རིམ་ལོ་མང་པོ་འགོར་སྲིད་པས། ལོ་དེ་དག་གི་རིང་ཁོང་ཚོར་མཐོ་སློབ་སྐྱོད་ཆེད་ཀྱི་གལ་ཆེའི་ཡིག་ཆ་དེ་ཚོ་ཕྱིར་སློག་མ་བྱས་ཚེ་ལོ་མང་པོ་ཞིག་ཆུད་ཟོས་སུ་འགྲོ་རྒྱུའི་སེམས་འཚབ་ཡོད་པས། ནང་འགྲིག་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། བུད་མེད་དེར་དབང་ཐང་ཆེན་པོ་ཡོད་སྟབས། ད་ལྟའི་ཆར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་སོང་། དེ་བཞིན་མཐོ་སློབ་དེའི་བདག་པོ་བུད་མེད་དེའི་ཁྱིམ་ཚང་ཡིན་འདུག་པ་དང་། བུད་མེད་དེར་བརྒྱ་ཆ་༢༥ ཡི་བདག་དབང་ཡོད་པ་རེད་འདུག

དེ་བཞིན་ཁོང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་བརྒྱུད་ནས་དཀའ་ངལ་དེ་དང་འབྲེལ་བའི་ཡིག་ཆ་ཞིག་ཤེས་རིག་བཀའ་བློན་ལ་བསྐུར་ཡོད་འདུག

བྷེང་ལོར་དུ་ཡོད་པའི་ས་གནས་གཞོན་ནུ་ལྷན་ཚོགས་དང་། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས། བྷེང་ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་མིའི་ཁྲིམས་ལུགས་ཚོགས་པ་སོགས་ཀྱི་སློབ་ཕྲུག་ཚོས་ཚོགས་འདུ་བསྐོངས་ནས། དཀའ་ངལ་དེ་སེལ་ཐབས་བྱེད་བཞིན་ཡོད་འདུག དེ་སྔོན་ཚོགས་པ་དེ་དག་གིས་ངོ་རྒོལ་ལས་འགུལ་སྤེལ་འཆར་བྱས་ཀྱང་། གནད་དོན་དེ་ཉེན་རྟོག་ཁང་དང་ནང་སྲིད་བློན་ཆེན་ལ་ཞུ་གཏུག་བྱས་ཟིན་པས། འབྲེལ་ཡོད་རྒྱ་གར་ལས་བྱེད་ཀྱིས་ངོ་རྒོལ་ལས་འགུལ་དེར་ཆོག་མཆན་སྤྲད་མི་འདུག

སྤྱིར་རྒྱ་གར་ནང་མཐོ་སློབ་སོགས་སུ་སློབ་འཇུག་དང་འབྲེལ་ནས་སློབ་མ་ལས་དངུལ་ཕོན་ཆེན་མགོ་སྐོར་བཏང་ནས་ཧམ་ཟ་བྱས་པའི་གནས་ཚུལ་མང་པོ་བྱུང་གི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

 

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 4800

Leave a Reply