བོད་པར་དངུལ་སྤྲད་ནས་རྒྱ་ནག་གི་གསང་མྱུལ་བ་བྱེད་འཇུག་གི་འདུག་ཟེར།

ཟླ་འདིའི་ཕྱི་ཚེས་༥ རྒྱ་གར་གྱི་གསར་ཁང་(The Print) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་རྒྱས་བཞིན་པའི་སྐབས་འདིར། རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་མང་པོར། རྒྱ་ནག་གཞུང་གིས་དངུལ་སྤྲད་ནས། ས་གནས་དེའི་ཐོག་བཟུང་བའི་རྒྱ་གར་གྱི་ཐབས་ཇུས་སྐོར་གྱི་གནས་ཚུལ་རག་ཐབས་བྱེད་བཞིན་ཡོད་པར་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཉེན་བརྡ་བཏང་ཡོད་འདུག

གནད་དོན་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གང་མགྱོགས་རྒྱ་གར་གཞུང་ལ་སྙན་སེང་ཞུ་རྒྱུ་ཡིན་པ་དང་། འདས་པའི་མི་ལོ་གཉིས་ཀྱི་རིང་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཁུལ་དུ་གནས་པའི་བོད་པ་སྐྱབས་བཅོལ་བ་རྣམས་ལ་མིག་ཅེར་ནས་བསྡད་ཡོད་པ་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ཉེན་བརྡའི་ནང་འཁོད་ཡོད་འདུག་པ་དང་། དེ་བཞིན་གནས་ཚུལ་ཡོང་ཁུངས་ཁག་ཅིག་གིས་གོང་གསལ་གསར་ཁང་ལ་རྒྱ་ནག་གིས་བསླུས་ཟིན་པའི་བོད་པ་སྐྱབས་བཅོལ་བ་མང་པོ་ཞིག་སྔོན་ཚུད་ནས་བོད་དུ་བསྐྱོད་ཟིན་སྐོར་ཡང་བརྗོད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གོང་གསལ་གསར་ཁང་ལ་“ང་ཚོར་ཨ་རུ་ན་ཅལ་མངའ་སྡེ་དང་། འབྲས་ལྗོངས། གཞན་རྒྱ་གར་བྱང་ཤར་ཁུལ་དུ་གཞིས་ཆགས་པའི་བོད་པ་སྐྱབས་བཅོལ་བ་ན་གཞོན་ཚོ། རྒྱ་ནག་ལ་འགྲོ་ཡི་ཡོད་པའི་ཉེན་བརྡ་ཞིག་འབྱོར་བྱུང་། རྒྱ་ནག་གིས་ས་གནས་དེར་ཡོད་པའི་སྐྱབས་བཅོལ་བ་རྣམས་གསང་མྱུལ་བ་བྱེད་འཇུག་རྒྱུར་ཐབས་ཤེས་འཐེན་བཞིན་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་”ཞེས་བརྗོད་ཡོད་འདུག་པ་དང་། དེ་བཞིན་“རྒྱ་གར་ནང་རྟེན་གཞི་ཞིག་བཟོས་ནས། དེ་བརྒྱུད་འབྲེལ་ཡོད་ཀྱི་ཐབས་ཇུས་ཐོག་གི་གནས་ཚུལ་བར་མ་ཆད་པ་རག་ཐབས་བྱེད་རྒྱུ་དེ་རྒྱ་ནག་གི་ཐབས་ཇུས་ཡིན་པ་མངོན་གསལ་གྱུར་པ་རེད་”ཅེས་བརྗོད་ཡོད་འདུག

ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་གནས་ཉེན་རྟོག་པས་ཀྱང་གནད་དོན་དེའི་སྐོར་རྩད་ཞིབ་བྱེད་པའི་ཐོག ཞུ་སྙན་ཞིག་གྲ་སྒྲིག་བྱས་ནས་རྒྱ་གར་ནང་སྲིད་ལས་ཁུངས་ལ་འབུལ་རྒྱུ་བྱེད་བཞིན་ཡོད་འདུག་ཅིང་། རིམ་པས་ས་གནས་དེར་ཡོད་པའི་བོད་པ་སྐྱབས་བཅོལ་བ་རྣམས་ལ་ཞིབ་བཤེར་བྱེད་འགོ་འཛུགས་སྲིད་སྐོར་བརྗོད་འདུག

དེ་བཞིན་གནས་ཚུལ་མཁོ་སྤྲོད་པས་“ད་ལྟའི་བོད་པ་སྐྱབས་བཅོལ་བའི་མི་རབས་འདི་ནི་འགྱུར་སྐྱེན་པོ་དང་། བློ་རྩ་བརྟན་པོ་མེད་མཁན་ཞིག་རེད། ཁོང་ཚོས་མཐུན་རྐྱེན་འཛོམས་པའི་མི་ཚེ་ཡག་པོ་ཞིག་འདོད་ཀྱང་། ལས་ཀའི་གོ་སྐབས་རག་གི་མེད་སྟབས། རྒྱ་ནག་གིས་གོ་སྐབས་དེ་བཟུང་ནས་ཁོང་ཚོ་གསང་མྱུལ་བ་བྱེད་འཇུག་གི་ཡོད་རེད་”ཅེས་དང་། “བཤད་ཚོད་ལ་ཁོང་ཚོས་གནས་ཚུལ་མཁོ་སྤྲོད་བྱས་ན་རྒྱ་ནག་གཞུང་གིས་དངུལ་ཡག་པོ་སྤྲད་པ་མ་ཟད། ཁོང་ཚོའི་ཕྲུ་གུ་རྣམས་ལ་རྒྱ་ནག་ནང་ནས་ཤེས་ཡོན་དང་ལས་ཀ་ཡག་པོ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་རེད་ཟེར། གང་ལྟར་ཡང་། བོད་པ་སྐྱབས་བཅོལ་བ་ག་ཚོད་ཅིག་རྒྱ་ནག་གིས་བསླུ་ཐུབ་ཡོད་མེད་ད་དུང་གསལ་པོ་ཡོད་མ་རེད་”ཅེས་བརྗོད་ཡོད་འདུག

གཞན་ཡང་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ཉེན་བརྡའི་སྐོར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཅིག་ལ་སྐད་ཆ་དྲིས་པར་“གཅིག་བྱས་ན་གནས་ཚུལ་དེ་བྱུང་ཡོད་སྲིད་པ་རེད། ང་ཚོས་དེ་ལ་བལྟ་ཡི་ཡིན་”ཞེས་གོང་གསལ་གསར་ཁང་ལ་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook103Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 967

Leave a Reply