བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཐོག་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན།

བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཐོག་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་དེ་བཞིན་ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༣ ནས་༦ བར་འཚོགས་བཞིན་ཡོད་པ་རེད།

warnaདེ་ཡང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱི་གོ་སྒྲིག་འོག མཐོ་སློབ་དེའི་དཔལ་ཨ་ཏི་ཤཱ་ཚོགས་ཁང་ཆེན་མོའི་ནང་དུ་ཟླ་འདིའི་ཚེས་༣ སྔ་དྲོ་དབུ་འཛུགས་གནང་ཞིང་། ཚོགས་ཆེན་དེའི་སྐུ་མགྲོན་གཙོ་བོ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་བསམ་གཏན་དང་། རིགས་དྲུང་ཌོག་ཊར་དེ་ཝ་རཱཇ་སིང་། དེ་བཞིན་རྒྱ་གཞུང་དང་རང་གཞུང་གི་རིགས་སྡེ་འགན་འཛིན་ཌོག་ཊར་བཀྲ་ཤིས་ཚེ་རིང་དང་། རྒྱ་གཞུང་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་བཅས་ཕེབས་ཡོད་ཅིང་། ཚོགས་ཞུགས་པ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གདན་ས་ཁག་ནས་དམིགས་བསལ་ཚད་མའི་གཞུང་ལུགས་ལ་མཁས་པའི་དགེ་བཤེས་དང་མཁན་པོ་རྣམས། མཐོ་སློབ་དེ་ནས་རྒྱ་གཞུང་དང་རང་གཞུང་དགེ་རྒན། དེ་བཞིན་དཔེ་མཛོད་སྡེ་ཚན་དང་། ལོ་ཙཱ་བའི་སྡེ་ཚན་བཅས་ཀྱི་ཚོགས་མི་དང་། བསྟན་བཅོས་དང་སློབ་དཔོན་འཛིན་གྲྭའི་སློབ་གཉེར་བ་བཅས་ཚོགས་བཅར་བྱས་ཡོད་པ་རེད།

ཚོགས་འདུའི་མཛད་སྒོ་ཐོག་རྒྱ་གཞུང་སྡེ་ཚན་གྱི་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱིས་ཕེབས་བསུའི་གསུང་བཤད་གནང་། ཁོང་གིས་ཐོག་མར་གནས་ཁྱད་པར་ཅན་ཡུལ་ཝཱ་རཱ་ཎ་སཱི་ནི་སངས་རྒྱས་ཀྱི་སྐུའི་སྐྱེ་རབས་མང་པོ་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་སྟོན་པ་ཉིད་ཀྱི་ཆོས་འཁོར་དང་པོ་བསྐོར་ཞིང་། ཕྱིས་སུ་ནང་པའི་མཁས་གྲུབ་དགྲ་བཅོམ་པ་མང་པོ་ཡང་བྱོན་པའི་གནས་ཡིན་པ། གནས་འདིའི་མཚན་དྲང་སྲོང་ལྷུང་པ་རི་དྭགས་ཀྱི་ནགས་ཞེས་པར་ཐེག་པ་ཆེ་ཆུང་གིས་འགྲེལ་ཚུལ་མི་འདྲ་ཅི་རིགས་ཡོད་ཚུལ་གསུངས། དེ་བཞིན་ཁོང་གིས་ད་ལན་གནས་འདིར་ཚད་མའི་བགྲོ་གླེང་འཚོགས་པ་ནི་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བརྟག་ཅིང་དཔྱད་པའི་སྲོལ་བཟང་རྒྱུན་གནས་ཕྱིར་ན་དམིགས་བསལ་གྱི་ཁྱད་དུ་འཕགས་པ་ཞིག་ཡིན་པ། དེ་བཞིན་ཁོང་གིས་འབོད་སྐུལ་དང་འབྲེལ་ཕྱི་ནང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་པ་རྣམ་གྱིས་བགྲོ་གླེང་གཏམ་བཤད་དང་དྲི་བ་དྲིས་ལན་གང་གནང་ཐམས་ཅད་སྒྲུབ་པ་ཉམས་ལེན་ལ་དམིགས་ཤིང་སྦྱོར་ཐུབ་པ་ཞིག་དགོས་གལ་ཆེ་ཚུལ་སོགས་གསུངས།

དེ་རྗེས་ཚོགས་འདུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་ཡར་འཕེལ་གྱིས་བགྲོ་གླེང་ཚོགས་འདུའི་ལུས་རྣམ་གཞག་གི་གསུང་བཤད་གནང་།  དེ་ཡང་ཁོང་གིས་ཚད་མ་རིག་པ་འདི་ནི་སྔོན་གྱི་འཕགས་ཡུལ་གྱི་ལྟ་གྲུབ་ཀྱི་ནང་ནས་ཆ་ཤས་གལ་ཆེ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ཆ་ནས་དམིགས་བསལ་རྣམ་གཞག་འདི་ཉིད་ཕྱི་ནང་གཉིས་དབར་འབྲེལ་ཐག་ཉེ་ཤོས་དང་གནད་དོན་མང་པོ་ཞིག་ལ་གཉིས་ཀས་ཐུན་མོང་དུ་ཐ་སྙད་གཅིག་གྱུར་གྱིས་ཚད་མཐོའི་བགྲོ་གླེང་བྱ་སའི་རིག་གནས་གལ་ཆེ་ཞིག་ཡིན་པ། དཔེར་ན་གཏན་ཚིགས་དང་བསྒྲུབ་བྱ། དེ་ལ་ཡང་དག་དང་ལྟར་སྣང་། བློ་དང་ཡུལ། ཚད་མ་དང་ཚད་མིན། བདེན་པ་དང་རྫུན་པ་སོགས་དང་། གཞལ་བྱ་ལ་བསླུ་མི་བསླུ་སོགས་ཀྱི་ཐ་སྙད་མང་པོ་གཅིག་མཚུངས་སུ་ཡོད་པ། དེ་འདྲ་ལྟ་གྲུབ་གཞན་རྣམས་སུ་ཐུན་མོང་གི་སྤྱི་སྐད་ཅིག་མེད་ཅེས་དང་། དེ་བཞིན་རྒྱ་གར་དུ་ཕྱི་ནང་གི་ཚད་མ་རིག་པ་ཇི་ལྟར་དར་འཕེལ་བྱུང་ཚུལ་ལས། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་གནད་མང་པོ་ཞིག་གསར་གཏོད་མཛད་ཡོད་པ་དང་། དེ་རྗེས་སློབ་དཔོན་ཆོས་གྲགས་ཀྱིས་ཚད་མའི་གནད་ཞིབ་རྒྱས་གསལ་པའི་གཞུང་ལུགས་ཚད་མ་རྣམ་འགྲེལ་སོགས་མཛད་པ། ཚད་མ་རྣམ་འགྲེལ་གྱི་ལེའུ་རེ་རེའི་གནད་དོན་དང་དོགས་གནད་ཅི་ཡོད། སྔར་རྟོག་གེ་བ་རྣམས་ཀྱི་འདོད་ཚུལ་སྤྱི་དང་། ཁྱད་པར་གཞན་སེལ་གྱི་རྣམ་གཞག་ལས་འཕྲོས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་ཕྱི་རོལ་པའི་ཚད་རིག་སྨྲ་བ་རྣམས་ལ་དགག་པ་མཛད་ཅིང་། དེ་ལ་ཕྱི་རོལ་དཔྱོད་པ་པོའི་སློབ་དཔོན་གཞོན་ནུ་མ་ལེན་སོགས་ཀྱིས་སྐྱོན་འཕངས་མཛད་ཚུལ། དེར་སློབ་དཔོན་ཆོས་ཀྱི་གྲགས་པས་དྲི་མ་མེད་པའི་རིགས་པའི་ལམ་ནས་དགག་ལན་རྒྱས་པར་མཛད་པ། སློབ་དཔོན་ཆོས་གྲགས་ལ་སླར་ཡང་རིགས་པ་ཅན་པ་དང་། བྱེ་བྲག་པ་སོགས་ཀྱི་སློབ་དཔོན་དག་གིས་དགག་པ་བྱུང་བ་སོགས་ཀྱི་ལོ་རྒྱུས་དང་། སློབ་དཔོན་ཆོས་གྲགས་ཀྱི་གཞུང་ལ་རྒྱ་གར་གྱི་ཕྱིས་བྱུང་སློབ་དཔོན་ལྷ་དབང་བློ་སོགས་ཀྱིས་འགྲེལ་པ་ཁག་མཛད་ཚུལ་བཅས་དང་། དེ་བཞིན་བོད་དུ་ཚད་མའི་བསྟན་པ་དར་འཕེལ་རིམ་བྱུང་བརྒྱུད་ཚད་མའི་ལུགས་གཉིས་སུ་རྒྱུན་འཛིན་ཟམ་མ་ཆད་པར་གནས་དང་གནས་མུས་ཡིན་པ་སོགས་གསུངས།

དེ་རྗེས་རིགས་སྡེ་འགན་འཛིན་ཌོག་ཊར་བཀྲིས་ཚེ་རིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་ཚད་མའི་བསྟན་པ་དར་འཕེལ་དང་གཞུང་ལུགས་རྣམས་སུ་སྔ་ཕྱི་མཁས་པའི་བཞེད་ཚུལ་ཅི་བྱུང་ཞིབ་ཚགས་གསུངས་གནང་།

སྐུ་མགྲོན་གཙོ་བོ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་གྱིས་སྟོན་པ་བཅོམ་ལྡན་འདས་ཕེབས་ནས་རྒྱ་གར་ནང་ཆོས་དང་ལྟ་གྲུབ་ཀྱི་གསར་བརྗེ་ཆེན་པོ་གཉིས་བྱུང་ཡོད་པ། དེ་ཡང་སྟོན་པས་ཆོས་ཀྱི་སྡོམ་བཞི་བསྟན་གནང་སྟེ་རྒྱ་གར་གྱི་ཆོས་དང་ལྟ་གྲུབ་ཀྱི་བསམ་ཚུལ་དང་སྒྲོམ་གཞི་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཚུལ་། དེ་བཞིན་ནང་པའི་ཚད་མ་རིག་པས་ཕྱི་རོལ་པའི་ཚད་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ། ནང་པའི་ཚད་མའི་མཁས་གྲུབ་རྣམས་ཀྱི་གཞུང་ལུགས་དག་ནི་སེམས་ཅན་གྱི་རང་རྒྱུད་མ་དག་པ་སྟེ། མ་རྟོགས། ལོག་རྟོག། ཐེ་ཚོམ་སེལ་ཕྱིར་ཡིན་སྟབས། རང་གི་རྒྱུད་ཐོག་ཏུ་སྦྱར་རྒྱུ་གལ་ཆེ་ཚུལ། དེ་བཞིན་ནང་པའི་གཏན་ཚིགས་རིག་པ་དང་ཚད་མ་རིག་པའི་བསྟན་པ་ཕུལ་དུ་བྱུང་བ་དར་འཕེལ་གཏོང་ཕྱིར་སྒོ་དང་སྒེའུ་ཁུངས་གསར་པ་མང་པོ་ཕྱེ་དགོས་གལ་ཆེ་བ། ལྷག་ཏུ་ནང་པས་གཞན་སེལ་གྱི་རྣམ་གཞག་བསྟན་པས་གཏན་ཚིགས་དང་ཚུལ་གསུལ་འཇོག་ཚུལ་སོགས་ཕྱི་ནང་གི་ཚད་མ་རིག་པའི་གནད་མང་པོ་གཞན་སེལ་དང་འབྲེལ་བ་ཡོད་པ། དེང་སྐབས་ཀྱང་གཞན་སེལ་གྱི་སྐོར་དེ་ཤར་ནུབ་ཀྱི་མཁས་པ་ཚོས་གཏམ་གྱི་གླེང་གཞིར་གྱུར་ཡོད་ཚུལ་ཞིབ་རྒྱས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 37

Leave a Reply