བོད་མི་དྲག་རྩལ་བ་ཞིག་ལ་རྩེ་ཕུད་རྒྱལ་ཁ་ཐོབ་པ།

ཟླ་༩ ཚེས་༢༤ ཉིན་ལོ་ན་༢༠ སོན་པའི་བོད་མི་དབང་ལྡན་རྣམ་ཤེས་ལ། སུད་སིའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་༦༣.༥ ཡི་སྡེ་ཚན་གྱི་ཐེ་ལེན་ཌེའི་དྲག་རྩལ་འགྲན་སྡུར་ནང་རྩེ་ཕུད་ཀྱི་རྒྱལ་ཁ་བླངས་ནས། བོད་ཀྱི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཁོང་ལ་དགའ་བསུ་དང་བསྔགས་བརྗོད་ཤུགས་ཆེན་པོ་ཁྱབ་བཞིན་ཡོད་པ་རེད།

14518814_1054737567976934_1171819927_nའདི་ག་གསར་འགོད་པས་ཁོང་ལ་གནས་འདྲི་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། དབང་ལྡན་རྣམ་ཤེས་ཀྱིས་ལོ་༤ ཡི་སྔོན་དུ་ཐེ་ལེན་ཌའི་དྲག་རྩལ་སྦྱོང་བརྡར་བྱེད་རྒྱུ་འགོ་བཙུགས་ཡོད་པ་དང་། ཁོང་གིས་དྲག་རྩལ་དེ་དར་ཡུལ་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལེན་ཌར། རྒྱལ་ཁབ་གང་ས་ནས་དྲག་རྩལ་དེ་སྦྱོང་བརྡར་བྱེད་པར་ཡོང་མཁན་མང་པོ་ཡོད་པ་ལྟར། ཁོང་ཡང་དེ་ལ་སྦྱོང་བརྡར་བྱེད་པར་ཕྱིན་མྱོང་ཡོད་པ་དང་། སྐབས་དེར་ཉིན་གཅིག་ལ་ཆུ་ཚོད་བརྒྱད་ཀྱི་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་འདུག

དབང་ལྡན་རྣམ་ཤེས་ཀྱིས། དྲག་རྩལ་གྱི་རྩེད་མོ་དེར་སྔོན་ནས་དགའ་མོས་ཡོད་ལ། སྦྱོང་བརྡར་སྐབས་དངུལ་ནག་སོགས་ཐོན་ནས་ཚོར་བ་དྲག་པོ་སླེབས་པ་མ་ཟད། འཕྲོད་བསྟེན་ལ་ཡང་ཕན་གྱི་ཡོད་པས། རྩེད་མོ་དེའི་ལམ་ལ་མུ་མཐུད་འགྲོ་རྒྱུའི་འདུན་པ་བརྟན་པོ་ཆགས་ཡོད་སྐོར་བརྗོད་སོང་།

ཟླ་༩ པའི་ཚེས་༢༤ ཉིན་ཁོང་དང་དེ་སྔོན་སུད་སིའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་༦༣.༥ ཡི་སྡེ་ཚན་གྱི་རྩེ་ཕུད་རྩེད་འགྲན་པ་མཱི་ཁེལ་དང་འཛིངས་ནས། ཁོང་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། ཁོང་གིས་དེ་སྔོན་ནས་འགྲན་སྡུར་དེའི་ཆེད་སྦྱོང་བརྡར་ཡག་པོ་བྱས་ནས། རྩེད་འགྲན་དེར་རྒྱལ་ཁ་ཐོབ་རྒྱུའི་འདེངས་ཚོད་སྔོན་ཚོད་ནས་སླེབས་ཡོད་འདུག

ཁོང་གིས་ཐེ་ལན་ཌའི་དྲག་རྩལ་འགྲན་སྡུར་གྱི་མདུན་ལམ་ཁྲོད། རྒྱལ་ཁ་ཐེངས་༤ བླངས་འདུག་པ་དང་། རྩེད་འགྲན་༣ ལ་རྒྱལ་ཕམ་དབྱེ་འབྱེད་མ་ཐུབ་པར་གཅིག་པ་ཆགས་ཡོད་པ་ལས། ད་བར་ཕམ་མྱོང་མེད་པ་རེད་འདུག

14528430_1054737564643601_2061791216_nཁོང་གིས་བོད་དོན་ཁྱབ་བསྒྲགས་ཡོང་ཆེད་དུ། འཐབ་རར་འཛུལ་སྐབས། ག་དུས་ཡིན་ཡང་བོད་ཀྱི་རྒྱལ་དར་རྒྱབ་ལ་གྱོན་ནས་སླེབས་ཀྱི་ཡོད་པ་དང་། རྩེད་འགྲན་རྗེས་སུ་བོད་ཀྱི་རྒྱལ་དར་རྒྱབ་ལ་བཞག་ནས་དཔར་རྒྱག་གི་ཡོད་པ་རེད། དེ་བཞིན་བྲང་ངོས་ལ་ “བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་”ཅེས་བོད་ཡིག་ཐོག་ཁབ་གཙགས་བརྒྱབ་ཡོད་པ་རེད།

ཁོང་སུད་སིའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་༦༣.༥ ཡི་སྡེ་ཚན་གྱི་རྩེ་ཕུད་ཆགས་ཟིན་པས། མ་འོངས་པར་ཡུ་རོབ་ནང་ལྗིད་ཚད་སྡེ་ཚན་དེའི་ནང་རྩེ་ཕུད་ཆགས་རྒྱུ་དང་། དེ་རྗེས་རྒྱལ་སྤྱིའི་རྩེ་ཕུད་ཆགས་རྒྱུའི་དམིགས་ཡུལ་ཡོད་སྐོར་བརྗོད་བྱུང་།

ཁོང་གིས་རྩེད་མོ་ལ་སྙིང་རུས་དང་ཆོད་སེམས་བརྟན་པོ་དགོས་པ་ལས། ཉིན་གཅིག་ལ་གྲུབ་འབྲས་ཐོན་རྒྱུ་ཞིག་མེད་པ་དང་། དེ་བཞིན་རྩེད་མོ་ལ་ཞུགས་ན་མི་རང་ཚུགས་བརྟན་པོ་ཆགས་པར་ཕན་ཐོགས་ཡོད་སྐོར་བརྗོད་སོང་།
དབང་ལྡན་རྣམ་ཤེས་ནི་ཆུང་ཆུང་སྐབས་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བ་དང་། སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་གཉེར་བྱེད་མྱོང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+5Share on LinkedIn0Email this to someone
0 commentsViews: 73

Leave a Reply