བོད་མི་མང་སྤྱི་འཐུས་ཀྱི་སྔོན་རྩིས་གྲོས་ཚོགས་འགོ་འཛུགས།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བོད་ནང་དུ་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་སྡུག་བསྔལ་མྱངས་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གུ་ཡངས་ཐོག་ནས་བོད་རྒྱ་འབྲེལ་མོལ་གནང་དགོས་པ། དེ་བཞིན་བོད་མི་ཚོས་ངོ་ལྐོག་རྒྱབ་མདུན་མེད་པའི་ཐོག་ནས་༧གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༡༤ ཉིན་དྷ་ས་གངས་སྐྱིད་སྤྱི་འཐུས་ལྷན་ཁང་གི་གྲོས་ཚོགས་ཁང་དུ། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་༢༠༡༧ ནས་༢༠༡༨ བར་གྱི་སྔོན་རྩིས་གྲོས་ཚོགས་འགོ་ཚུགས་ཏེ། ཟླ་འདིའི་ཚེས་༢༥ བར་འཚོགས་རྒྱུ་ཡིན་པ་རེད།

ཚོགས་གཙོས་གཏམ་བཤད་ནང་ “སྤྱིར་བཏང་བོད་ནང་དུ་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་འཛིན་པ་མཚོན་པའི་ཁོར་ཡུག ཆོས། སྐད་ཡིག རིག་གཞུང་གི་ཐོག་ལ་ཉེན་ཁ་ཆེ་རུ་འགྲོ་རྒྱུ་གཅིག་དང་། དམྱལ་བ་མི་ཡུལ་ལ་སླེབས་པ་ལྟ་བུའི་སྡུག་བསྔལ་མྱངས་བཞིན་པ། སོ་སོའི་རང་དབང་ཡོད་པ་དེ་ཉིད་སྒྲུབ་མ་ཐུབ་པའི་འགག་རྡོ་ལྟ་བུ་གནང་བསྡད་པ་དེ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སྲིད་ཇུས་ཤིག་ཆགས་བསྡད་འདུག”ཅེས་གསུངས་ནས།  རྒྱ་ནག་གི་སྲིད་འཛིན་རིམ་པ་ནས་ཧུའུ་ཅིན་ཐའོ་བར་དུ་༧གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་གནང་ཡོད་ཀྱང་། ད་སྐབས་ཀྱི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་འཛིན་གྱི་ལས་ཡུན་སྐབས་དང་པོ་རྫོགས་ལ་ཉེ་བ་ཡོད་པ་རེད་དེ། ད་བར་རྒྱ་ནག་ཕྱོགས་ནས་བཙན་བྱོལ་བོད་མི་དང་༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་མཉམ་དུ་འབྲེལ་བ་བྱེད་འདོད་ཀྱི་རྣམ་པ་གསལ་པོ་གང་ཡང་བསྟན་མེད་པ། འོན་ཀྱང་ཁོང་གི་སྲིད་འཛིན་དུས་ཡུན་སྐབས་གཉིས་པར་རེ་བ་བྱ་རྒྱུ་ཡོད་པ་མཐོང་གི་ཡོད་པ། དེ་ཡང་སྲིད་འཛིན་རིམ་པའི་སྐབས་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར། ཕན་ཚུན་གོ་བརྡ་སྤྲོད་རེས་བྱེད་ཐུབ་ཡོད་པ། དེ་བཞིན་ཉེ་ཆར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་༡༢ པའི་གྲོས་ཚོགས་ཐེངས་༥ པའི་སྐབས་སུ་སྲིད་བློན་ལི་ཁེ་ཆང་གིས་བོད་ཅེས་མིང་འདོན་བྱས་ཡོད་པ་དེ་ལས། ཉེན་ཁ་ཞིག་དང་རེ་བ་ཞིག་མཐོང་གི་ཡོད་སྐོར་བརྗོད་ནས། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་ཐོག་མཁྲེགས་བཟུང་གི་སྲིད་ཇུས་དོར་ནས། གུ་ཡངས་ཀྱི་ཐོག་ནས་གྲོས་མོལ་བྱེད་པའི་བསམ་ཤེས་གནང་བའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ནས་ཕྱི་ལོ་༢༠༡༧ ལོར་དུས་འཁོར་དབང་ཆེན་༣༤ པ་དེ་ལེགས་གྲུབ་བྱུང་བར། གཙོ་བོ་འཛིན་སྐྱོང་དང་དེ་བཞིན་འབྲེལ་ཡོད་ལས་བྱེད་རྣམས་ལ་ལེགས་གསོལ་སྔགས་བརྗོད་ཡོད་ཁར། ༧གོང་ས་མཆོག་གི་བདེ་འཇགས་སོགས་ཀྱི་ཐོག་ལ་བྷེ་ཧར་མངའ་སྡེ་དང་སྤྱི་ཁྱབ་བློན་ཆེན་ཐུགས་རྗེ་ཆེ་ཞུ་ཡི་ཡོད་པ། དེ་བཞིན་དུས་དབང་གྲུབ་རྗེས་༧གོང་ས་མཆོག་ལ་བརྟན་ཞུགས་ཕུལ་སྐབས། ༧གོང་ས་མཆོག་གིས་ལོ་བརྒྱ་ལྷག་ཞུགས་རྒྱུའི་ཞལ་བཞེས་ཐུབ་པར་བཀའ་དྲིན་བླ་མེད་ཞུ་ཡི་ཡོད་སྐོར་གསུངས་ནས། བོད་མི་ཚོས་ངོ་ལྐོག་རྒྱབ་མདུན་མེད་པར་༧གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། དྲིན་ལན་ལོག་འཇལ་གྱི་རྒྱུ་རྐྱེན་ལ་འབད་སྒྲུབ་བྱས་པ། དགྲ་དགའ་གཉེན་སྡུག་གི་རྒྱུ་རུ་འགྲོ་བ་ཕྲ་མོ་ཙམ་ཡང་མི་ཡོང་བ་བྱེད་རྒྱུ་དེ་རང་འགན་རང་སྲུང་ཐོག་ནས། བོད་མི་འཐབ་རྩོད་དང་བོད་མི་སྤྱི་ཚོགས་ཀྱི་ཆེ་མཐོང་ལ་ཞན་ཆ་མི་ཡོང་བ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ཁོང་གིས་གྲོས་ཚོགས་དང་འབྲེལ་ནས་གསུང་དོན། གྲོས་ཚོགས་ནང་དུ་འཛིན་སྐྱོང་དང་སྤྱི་འཐུས་རྣམ་པས། གྲོས་ཆོད་གྲོས་འཆར་སོགས་འདོན་སྐབས། བསམ་ཚུལ་མི་འདྲ་བ་བྱུང་གི་ཡོད་པ་ཆོས་ཉིད་ཡིན་པས། བགྲོ་གླེང་ཡག་པོ་དང་སྤྱི་མོས་ཡོང་ཐབས་གནང་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་གྲོས་ཚོགས་ནང་སྤྱི་ཚོགས་ཀྱི་གནད་དོན་གླེང་སློང་བྱུང་སྐབས། དེ་དག་དྲང་པོ་བྱས་ནས་གླེང་དགོས་པ་ལས། ཆབ་སྲིད་དང་སྡིག་ར་ལྟ་བུའི་ཐོག་ནས་གླེང་སློང་མི་བྱེད་པའི་སྐུལ་མ་གནང་སོང་།

ཐེངས་འདིར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ནང་བོད་ནང་རང་ལུས་མེར་སྲེག་གནང་མཁན་༡༤༥ པ་བཀྲ་ཤིས་རབ་བརྟན་དང་། སྤྱི་ཟུར་ཨ་འབྱུང་ཚེ་རིང་ངམ་རིག་འཛིན། སྤྱི་ཟུར་རྣམ་རྒྱལ་དབང་འདུས། ཕྱི་དྲིལ་དང་ཚོགས་དྲུང་གི་དྲུང་ཟུར་སྣར་སྐྱིད་ངག་དབང་དོན་གྲུབ་བཅས་ལ་རྗེས་སུ་ཡི་རངས་དང་མྱ་ངན་ཞུས་ཡོད་པ་རེད།

དེ་བཞིན་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ཡོངས་སུ་འགྲུབ་ཆེད་བོད་པ་མི་རེ་ངོ་རེས་སྔར་ལྷག་འགན་ཁུར་དགོས་པ། རྒྱ་ནག་གཞུང་གི་བཙོན་ཁང་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་གྲོལ་དང་། གློད་གྲོལ་བྱུང་བ་རྣམ་གྱི་སྐུ་གཟུགས་འཕྲོད་བསྟེན་ལ་རྒྱ་ནག་གཞུང་ནས་འགན་ཁུར་ལེན་དགོས་ཁར། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུགས་སྣང་དང་ནུས་པ་མཉམ་སྤུངས་དགོས་པའི་རེ་སྐུལ། རྒྱ་གཞུང་གིས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཡོང་ཆེད། གྲོས་མོལ་གྱི་ལས་རིམ་འདི་ཉིད་འཕྲལ་དུ་འགོ་འཛུགས་དགོས་རྒྱུ། རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་ཇུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་ནས། བོད་ནང་དུ་ཕྱོགས་ལྷུང་བྲལ་བའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་པ་གཏོང་བའི་རེ་སྐུལ། བོད་མི་སྐྱབས་བཅོལ་བ་གནས་སའི་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་གི་བཀའ་དྲིན་ལ་རྗེས་དྲན་དང་། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་རྒྱལ་ཁབ་ཁག་གིས་ད་ལྟ་བཞིན་མཐུན་འགྱུར་དང་མགོན་དཔུང་གི་བཀའ་དྲིན་རྒྱུན་གནས་ཡོང་བའི་རེ་སྐུལ། བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་རྒྱུན་མཚམས་མེད་པ་གནང་བཞིན་ཡོད་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཀྱིས། ཁོང་རྣམས་ཀྱིས་སྐུ་ངལ་བསྐྱོན་གནང་བ་རྣམས་ཆུད་ཟོས་སུ་མ་སོང་བ་རང་ནུས་གང་ཐེག་གི་འགན་ཁུར་ལེན་དགོས་པའི་དྲན་གསོ་དང་དམ་བཅའ་བྱ་རྒྱུ་བཅས་ཡིན་པ་རེད།

དེ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཞག་ནས། བགྲོ་གླེང་བྱས་པ་དང་། ཉིན་རྒྱབ་ནས་དཔལ་འབྱོར་ལས་དོན་ཐོག་ལ་ལས་རིམ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook21Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 274

Leave a Reply