བོད་མི་ཚོར་རང་སྲེག་ལས་འགུལ་མི་སྤེལ་རྒྱུར་སྲིད་སྐྱོང་གིས་འབོད་སྐུལ་གནང་སོང་།

རང་ལུས་མེར་སྲེག་གཏོང་མཁན་སུ་དང་སུ་ཡིན་རུང་། ཁོང་རྣམ་པའི་ཀུན་སློང་དང་ལྷག་བསམ་ལ་ངོས་ལེན་ཞུ་ཡི་ཡོད་ཀྱང་། བཙན་བྱོལ་བོད་པ་ཚོར་ཆབ་སྲིད་ཀྱི་ལས་འགུལ་ག་རེ་སྤེལ་ན་རང་དབང་ཆ་ཚང་ཡོད་སྟབས་བཙན་བྱོལ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམ་པ་ལ་མོས་མཐུན་རྩ་བ་ནས་མེད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་ཞོགས་པ། ཕྱི་ཟླ་༧ པའི་ཕྱི་ཚེས་༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ པ་ཙམ་ལ་དྷ་ས་གཙུག་ལག་ཁང་གི་མཐའ་སྐོར་ལམ་དུ། རང་ལུས་མེར་བསྲེགས་གནང་མཁན་དོན་འགྲུབ་བདེ་ནུབ་ཀྱི་སྐུ་ཕུང་གངས་སྐྱིད་བདེ་ལེགས་སྨན་ཁང་གི་ཕུང་པོ་འཇོག་ཁང་ནས་ལྷ་རྒྱལ་རིར་གདན་འདྲེན་ཞུས་ཏེ། མྱ་ངན་མཛད་སྒོ་ཞིག་འཚོགས་སོང་།

སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཕྱག་རོགས་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་དང་སྤྱི་འཐུས་རྣམ་པས་དབུས་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ། འདས་པོ་དོན་འགྲུབ་ཀྱི་སྤུན་མཆེད་བློ་བཟང་ཡར་འཕེལ། དེ་བཞིན་མང་ཚོགས་བཅས་མཉམ་ཞུགས་ཐོག སྨོན་ལམ་རྣམ་གསུམ་འདོན་པ་དང་སྐུ་ཕུང་ལ་ཁ་བཏགས་བསྒྲོན་ནས་མྱ་ངན་མཛད་སྒོ་འཚོགས་རྗེས། དྷ་སྟེང་བོད་ཁྱིམ་ལམ་ཁའི་ཕུང་སྲེག་ཁང་དུ་སྐུ་ཕུང་གདན་ཞུས་ཀྱིས་ཞུགས་འབུལ་ཞུས་སོང་།

མྱ་ངན་མཛད་སྒོའི་སྐབས་སྲིད་སྐྱོང་བློ་བཟང་སེང་གེས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རང་ལུས་མེར་སྲེག་གཏོང་མཁན་འདས་གྲོངས་སུ་གྱུར་དུས་རང་བཞིན་གྱིས་སེམས་ལ་ལྗིད་ཁོག་ཆེན་པོ་ཞིག་ཡོང་གི་ཡོད་པ་དང་། རང་ལུས་མེར་སྲེག་གཏོང་མཁན་སུ་དང་སུ་ཡིན་རུང་། ཁོང་རྣམ་པའི་ཀུན་སློང་དང་ལྷག་བསམ་ལ་ངོས་ལེན་ཞུ་ཡི་ཡོད་ཀྱང་། བཀའ་ཤག་ནས་བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་ཡིན་ནའང་མ་གཏོང་རོགས། ནང་པ་ཞིག་ཡིན་པའི་ཆ་ནས་འདས་གྲོངས་སུ་གྱུར་ན་མཆོད་འབུལ་ཞུ་ཡི་ཡོད། བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་མངོན་འདོད་འགྲུབ་ཕྱིར་ང་ཚོས་འབད་བརྩོན་ཞུ་རྒྱུ་ཡིན་ཞུ་ཡི་ཡོད་ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་“བཙན་བྱོལ་ནང་ལ་ཡོད་པའི་བོད་མི་ཚོར་དེ་སྔ་ནས་ཞུས་པ་ཡིན། ད་རེས་ནན་ཏན་བྱས་ནས་ཞུ་རྒྱུར། ང་ཚོ་བཙན་བྱོལ་བ་རྣམས་ཀྱིས་ལས་འགུལ་ག་འདྲ་ཞིག་སྤེལ་ན་ཡང་རང་དབང་ཆ་ཚང་ཡོད་དུས། སོ་སོའི་ལུས་སྲོག་རྩ་ཆེན་པོ་ཡིན་པ་ངོས་བཟུང་བའི་ཐོག་ནས་མི་ཚེ་བསྐྱལ་ཏེ། མི་ཚེ་ཧྲིལ་པོའི་ནང་རྩ་དོན་རྩོད་ཕྱིར་སྐུ་ལས་བསྐྱོན་ནས་ལས་འགུལ་སྤེལ་ཏེ་བཞུགས་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་བཙན་བྱོལ་ལ་ཡོད་པའི་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ལ་ང་ཚོས་རྩ་བ་ནས་མོས་མཐུན་མེད། མ་གནང་རོགས་གནང་ཞེས་དེ་སྔོན་ཞུས་ཡོད་ལ། ད་རེས་ཀྱང་ནན་ཏན་ཐོག་ནས་ཞུ་ཡི་ཡོད། དམིགས་བསལ་ཉེ་ཆར་རང་ལ་རང་ལུས་མེར་སྲེག་བཏང་ཡོད་རེད། ད་ཐེངས་ཀྱང་བྱུང་བ་རེད། དེའི་སྔོན་ལ་བྱུང་བ་རེད། རང་ལུས་མེར་སྲེག་གཏོང་མཁན་གྱི་ཕ་མ་ཚོས་ཀྱང་། སོ་སོའི་ཕྲུ་གུས་རང་ལུས་མེར་སྲེག་བཏང་བར་འགྱོད་པ་མེད་དེ་གཞོན་སྐྱེས་ཚོས་སོ་སོས་གནང་ཐུབ་པ་ཤེས་ཡོན་ལ་དོ་སྣང་གནང་ནས། ཤེས་ཡོན་མཐར་ཕྱིན་པ་བྱས་ཏེ་སོ་སོ་བོད་ལ་སེམས་ཤུགས་དང་ལྷག་བསམ་ཡོད་པའི་ཐོག་ཤེས་འཇོན་གཉིས་ལྡན་ཐོག་ནས་སྐུ་ལས་བསྐྱོན་རོགས་གནང་། རྩ་དོན་ལ་ཞབས་ཕྱི་ཞུ་རོགས་གནང་། རང་ལུས་མེར་སྲེག་མ་གཏོང་རོགས་གནང་ཞེས་གསུངས་ཡོང་དུས། དེ་སྔ་བཀའ་ཤག་གིས་ཞུས་པ་དང་གཅིག་པ་གཅིག་རྐྱང་ཆགས་ཡོང་གི་ཡོད་རེད། དེ་ཡིན་དུས་དམིགས་བསལ་གཞོན་སྐྱེས་ཚོས་དགོངས་པ་བཞེས་དགོས་རྒྱུ་དེ་པེ་གལ་ཆེན་པོ་རེད་” ཅེས་གསུངས་སོང་། སྲིད་སྐྱོང་གིས་ཤེས་ཡོན་ལ་དོ་སྣང་དགོས་སྐོར་དང་འབྲེལ་ནས་གསུང་དོན། “ཤེས་ཡོན་ཐོག་ཐུགས་སྣང་གནང་རོགས་གནང་། བོད་པའི་རིག་གཞུང་དང་སྐད་ཡིག་ཐོག་ཐུགས་སྣང་གནང་བའི་ཐོག བོད་ཀྱི་རྩ་དོན་ཆེད་མི་ཚེ་ཧྲིལ་པོར་བཞུགས་ནས་ཞབས་ཕྱི་ཞུ་རྒྱུ་ལ་དགོངས་པ་བཞེས་རོགས་གནང་། རང་ལུས་མེར་སྲེག་བཏང་བཞག་ན་བཙན་བྱོལ་ལ་རང་དབང་ཆ་ཚང་ཡོད་བཞིན་དུ་སོ་སོའི་སྲོག་དེ་འདྲ་བློས་བཏང་བ་ཡིན་ན་ཧ་ལས་པའི་བློ་ཕམ་པོ་རེད། མ་གནང་རོགས་གནང་ཞེས་ནན་ཏན་འབོད་སྐུལ་ཞུ་རྒྱུ་ཡིན།”ཞེས་དང་། དེ་བཞིན་ཁོང་གིས་མུ་མཐུད་“དེ་སྔ་ནས་བཀའ་ཤག་ནང་རིམ་པས་བཀའ་སྡུར་བྱུང་སོང་། ཕྱོགས་གཅིག་ནས་བཙན་བྱོལ་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོར་མོས་མཐུན་མེད་ཞུ་ཡི་ཡོད་རེད། འདས་གྲོངས་སུ་འགྲོ་སྐབས་བོད་པ་ཞིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་དུས་ང་ཚོ་འདིར་བཅར་གྱི་ཡོད་རེད། ང་ཚོ་བཀའ་ཤག་ནས་བཀའ་བསྡུར་བྱུང་ནས་རིམ་པས་བཀའ་བློན་དང་བཀའ་ཤག་རྣམ་པ་རྗེས་སུ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་རང་ལུས་མེར་སྲེག་བཏང་དུས་མ་བཅར་ན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནང་དུ་མ་བཀོད་ན་ཞེས་གྲོས་བསྡུར་ཡོང་གི་འདུག ད་ལྟ་ཐག་རང་བཅད་ཡོད་མ་རེད། རིམ་པས་རིམ་པས་ཐག་གཅོད་དེ་འདྲ་བྱེད་དགོས་པའི་བཟོ་འདྲ་ཞིག་འདུག གང་ཡིན་ཟེར་ན་ང་ཚོ་བཅར་ཡོང་དུས་ཕྱོགས་གཅིག་ནས་རང་ལུས་མེར་སྲེག་མ་གཏོང་ཟེར་གྱི་འདུག ཕྱོགས་གཅིག་ནས་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམ་པ་བཅར་གྱི་འདུག མ་བྱེད་ཟེར་བ་དེ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནང་བཀོད་ཡོང་གི་འདུག་ཟེར་ནས། མ་བྱེད་ཟེར་བཞིན་དུ་བྱེད་པ་དེ་འགྲིག་པའི་བཟོ་འདྲ་ཆགས་ནས། མི་མང་ནང་གོ་ནོར་ཐེབས་ཀྱི་མེད་ན། མ་འོངས་པར་བཀའ་ཤག་ཡིན་ན་ཡང་མ་བཅར། བོད་པའི་དྲ་རྒྱ་ནང་ཡང་མ་བཀོད་ནས་གཞོན་སྐྱེས་ཚོར་བརྡ་ལན་གསལ་པོ་ཞིག་འཕྲོད་ན་བསམ་གྱི་འདུག་”ཅེས་དང་རྩ་ཆེའི་ལུས་སྲོག་ཐོག་སློབ་སྦྱོང་གནང་ནས་མུ་མཐུད་རྩ་དོན་རྩོད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་དང་།  བོད་མི་ས་ཡ་དྲུག་ལས་མེད་སྟབས་མི་འབོར་ཉུང་ཤས་ལས་མེད་པ་དེ་ཐུགས་ལ་ཉར་རྒྱུའི་རེ་སྐུལ་དམིགས་བསལ་གཞོན་སྐྱེས་ཚང་མ་ལ་ཞུ་ཡི་ཡོད་སྐོར་་གསུངས་སོང་།

དེ་རིང་ཕྱི་དྲོར་དྷ་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། ནོར་གླིང་། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱི་གོ་སྒྲིག་འོག་རང་སྲེག་གནང་མཁན་འདས་པོ་ཁོང་གི་ཆེད་དུ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྔོ་སྨོན་འདོན་རྒྱུ་རེད་འདུག  ཕྱི་ཟླ་༧ པའི་ཚེས་༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ པ་ཙམ་ལ་དོན་གྲུབ་བདེ་ནུབ་ཀྱིས་དྷ་ས་གཙུག་ལག་ཁང་གི་མཐའ་སྐོར་ལམ་དུ་རང་སྲེག་བཏང་ནས་གྲོངས་ཡོད་པ་དང་། ༡༩༩༡ ལོར་བོད་ནས་རྒྱ་གར་དུ་སླེབས་ཏེ། སུ་ཇཱ་བོད་ཁྱིམ་དུ་འཛིན་རིམ་བཅུ་པ་བར་སློབ་གཉེར་བྱས་པ་དང། ༢༠༡༢ ལོར་ནོར་གླིང་ཤིང་ཚོན་སྡེ་ཚན་དུ་ལས་ཀ་བྱས་ཡོད་འདུག་ལ། དུས་རྒྱུན་བོད་དོན་ལས་འགུལ་ལ་སེམས་ཤུགས་ཡོད་མཁན་དང་། མི་མང་པོར་འགྲོགས་འདྲིས་མི་བྱེད་མཁན་ཞིག་ཡིན་སྐོར་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག ཁོང་གི་ཕ་ཡུལ་བོད་རྒྱང་རྩེ་ནས་ཡིན་པ་དང་། ད་ལྟ་རང་ལོ་༤༩ ཡིན་འདུག

ཁོང་གིས་རང་སྲེག་བཏང་ཤུལ་དུ་འགྱིག་དམ་གྱི་ཁ་བཅད་གཉིས་ཕ་བོང་ཞིག་གི་ཐོག་བཞག་འདུག་ལ། རས་ཁུག་དམར་པོ་ཞིག་ནང་བོད་ཀྱི་རྒྱལ་དར་ཞིག་དང་ཧིན་སྒོར་ཉུང་ངུ་ཞིག་ཡོད་པ་རེད། སྐབས་དེར་རྨོ་རྨོ་མཐའ་སྐོར་དུ་འགྲོ་མཁན་ཞིག་གིས་རང་སྲེག་དེ་དངོས་སུ་མཐོང་ཡོད་པ་དང་། མོས་འགྲེལ་བརྗོད་བྱས་པ་ལྟར་ན། དང་པོ་དེར་མི་ཞིག་ལངས་འདུག་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པ་དང་། མེར་སྦར་སོང་། ང་ཞེད་ནས་བྲོས་ཡོང་ཡིན་ལ། མི་གཞན་པར་རང་ལུས་མེར་སྲེག་བཏང་སོང་ལབ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་དང་། དེ་བཞིན་སྤོ་སྤོ་ཞིག་གིས་དེའི་ཅུང་སྔོན་དེར་མི་ཞིག་གིས་སྐོར་ལམ་དུ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་ཞེས་བརྗོད་བཞིན་འགྲོ་ཡི་ཡོད་པ་མཐོང་འདུག ཕྱི་ཟླ་༧ ཚེས་༣༡ ཉིན་ཁོང་སུ་ཡིན་རྩད་གཅོད་ཐུབ་ཏེ། མྱ་ངན་བསྔོ་སྨོན་འཚོགས་པ་དང་དུར་འཇུག་བྱས་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 240

Leave a Reply