བོད་མིའི་ཆིག་སྒྲིལ་ལས་འཕྲོས་པའི་གཏམ།

དགེ་བཤེས་སེར་སྨད་བློ་དགའ།

བོད་མིའི་ནང་ཁུལ་མཐུན་སྒྲིལ་ཞེས་པ་ལས་འཕྲོས་པ། དེ་སྔ་བོད་ལ་མཐུན་སྒྲིལ་ཟེར་བ་ཞིག་ཡོད་ན་ཐང་། བཙན་བྱོལ་བོད་མིའི་ནང་ཁུལ་མཐུན་སྒྲིལ་འདི་རེད་ཟེར་བ་ཞིག་ཡོད་མེད་མི་ཤེས། ངས་མ་མཐོང་བ་དེ་ང་རང་ཉིད་ཀྱི་ཉམས་མྱོང་ཞིག་རེད། ༡༩༥༩ ལོར་བོད་མི་སྐོར་ཞིག་བྲོས་ནས་རྒྱ་གར་ལ་སྐྱབས་བཅོལ་ཞུས་པའི་ལོ་ཤས་རྗེས། ནང་ཁུལ་མཐུན་སྒྲིལ་སྐོར་མནའ་གན་ཐུ་བོ་ཆེ་ཟེར་བ་ཞིག་བཞག་ཡོད་ཚོད། གང་ལྟར། མི་ལོ་དྲུག་ཅུ་མ་ཟིན་ཙམ་གྱི་རིང་༸གོང་ས་མཆོག་གིས་གཙོས་དབུ་བཞུགས་བླ་སྤྲུལ་དང་དབུ་ཁྲིད་རིམ་པས། ལོ་ནས་ལོ་མཐུད་དེ་མཐུན་སྒྲིལ་དང་མཐུན་སྒྲིལ་ཟེར་ནས་ལམ་སྟོན་བཀའ་སློབ་མཎི་བགྲང་བགྲང་གནང་བསྡད་པ་རེད། དེ་ནི་ཁོང་རྣམ་པའི་ཐུགས་ཀྱི་བྱམས་བརྩེ་ཆེན་པོ་ཞིག་ལ་ངོས་འཛིན་བརྩི་བཀུར་ཞུ་རྒྱུ་ཡིན། གལ་ཏེ་བོད་པའི་ནང་ཁུལ་མཐུན་སྒྲིལ་ཡོད་པ། ཡག་པོ་གང་འཚམས་ཡོད་པ། ཡང་ན། ནང་ཁུལ་མཐུན་སྒྲིལ་སྐོར་ཉེན་ཁ་ཆེན་པོ་ཞིག་ལ་གཟིགས་ཀྱི་མེད་པ་ཡིན་ན། དེ་ལྟ་བུའི་བསྐྱར་ལྡབ་ཡང་ལྡབ་མང་པོ་ཞིག་གསུང་དགོས་དོན་ཡོད་མ་རེད་དྲན་གྱི་ཡོད།

སྐབས་རེ་མི་མང་སྤྱི་བྱིངས་ནས་མཐོང་མི་ཐུབ་སར་དབུ་བཞུགས་རྣམ་པའི་དབར་ཆིག་སྒྲིལ་མེད་པའི་གནས་ཚུལ་ཛ་དྲག་ཅན་མང་པོ་ཡོད་བསྡད་པ་བཤད་མི་དགོས་པ་རེད། གནད་དོན་དེ་བོད་མིའི་ནང་ཁུལ་མཐུན་སྒྲིལ་དང་འབྲེལ་བའི་ཉེན་ཁ་ཆེ་ཤོས་དེ་ཆགས་ཡོད། བཀའ་སློབ་ལམ་སྟོན་དེ་ཚོར་སྐྱབས་བཅོལ་བོད་མི་ཚོས་ཉམས་ལེན་ཡག་པོ་ཞིག་བྱས་ཡོད་ན། ད་བཟོད་གནས་སྟངས་འདི་འདྲ་ཞིག་ལ་སླེབས་དགོས་དོན་རྩ་བ་ནས་མེད། རྣ་རྒྱབ་ཀྱི་ལྷགས་པ་ནང་བཞིན་བཏང་བཞག་པ་དེས་དབང་གིས། བཀའ་མོལ་དེའི་རིགས་ནུས་པ་མ་ཐོན་པར་ཁ་སྟོང་ནང་གི་ཚིག་སྟོང་ལྟ་བུ་ཞིག་ཆགས་སོང་བས། ངས་འདི་ནས་དམིགས་བསལ་འགྲེལ་བརྗོད་བྱ་དགོས་དོན་གང་ཡང་མ་མཐོང་། དེར་བརྟེན་བོད་མི་ནང་ཁུལ་མཐུན་སྒྲིལ་མེད་པའི་གནས་ཚུལ་དེ་གནད་དོན་གསར་པ་ཞིག་དང་། ཡང་ན། ༢༠༡༦ གི་རྒྱལ་ཡོངས་འོས་བསྡུའི་གཡས་གཡོན་ཙམ་ནས་བྱུང་བའི་ལོ་གཅིག་གཉིས་ཤིག་གི་སྐད་ཆ་གསར་པ་ཞིག་རྩ་བ་ནས་མ་རེད། ཅེས་ཞུ་རྒྱུ་ཡིན།

ད་ལན་གྱི་ཡིག་ཆ་འདི། གུས་པས་བློ་མཐུན་སྐད་འཕྲིན་ཚོགས་པ་ཞིག་གི་ནང་བཤད་པའི་སྐད་ཆ་ཞིག དྲ་རོགས་གཙན་པོའི་མི་རྒོད་ལགས་ནས་ཡིག་ཐོག་ཏུ་ཕབ། ཕྲན་ཉག་ཆུ་སྔོན་མོ་དང་དྲ་འབྲེལ་ཡོད་པའི་དྲ་གྲོགས་ ༦༠ མ་ཟིན་ཙམ་གྱིས་སྐད་ཆ་དེ་ཡིག་ཐོག་དགོས་པའི་ཐུགས་རེ་དང་འབོད་སྐུལ་ཡང་ཡང་བྱུང་བ་རེད། དེར་བརྟེན་དག་བཅོས་ཕྲན་བུ་བྱས་ནས་སེར་སྨད་བློ་དགའ་ཡི་མིང་ཐོག་ནས་སླར་ཡང་ཡོངས་གྲགས་བྱས་པ་ཞིག་ཡིན།

སྐབས་རེ་སྒེར་ཐོག་འབྲེལ་བ་བྱས་ནས་སྡིགས་ར་སྐུལ་མཁན་མང་པོ་འདུག འཁུམ་ནས་བསྡད་ནས་གཉེར་ནས་ཤི་རྒྱུ་རེད། བསམ་ཚུལ་ཡོད་ཚད་བཤད་ནས་ཤི་སོང་ན། བློ་བདེ་པོ་རེད་བསམ་པ་ཡིན། བོད་སྤྱི་པའི་ཆེད་དུ་བཤད་ཀྱི་ཡོད་མ་གཏོགས། རང་ཉིད་ཀྱི་མི་ཚེའི་འཚོ་བའི་ཆེད་དུ་བཤད་ཀྱི་མེད། ང་ཚོས་ནམ་ནམ་དུས་དུས་མེད་པར་གཅིག་བཤད་བསྡད་པ་དེ་ལ་དོན་དག་གསུམ་ཡོད། དང་པོ། ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ན། ཚེ་སྔོན་མར་བསགས་པའི་བོད་མིའི་སྤྱི་མཐུན་ལས་ཀྱིས་བགོས་པའི་ལས་འགན་ཞིག་རེད། གཉིས་པ། ཆབ་སྲིད་ཀྱི་ཐོག་ནས་བཤད་ན། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་གི་མིང་འོག་ཏུ་བྱེད་འདོད་ཡོད་མིན་ལ་མ་ལྟོས་པར་བྱེད་དགོས་པའི་ཁུར་བབ་ཀྱི་ལས་འགན་ཞིག་རེད། གསུམ་པ། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན། མེས་པོ་གོང་མ་ཤི་གསོན་གཉིས་ཀས་དཀའ་ལས་བརྒྱབ་པའི་ལས་དོན་ཞིག་ང་མིན་ཁོ་མིན་གྱིས་གཡུག་བཞག་པ་མིན་པར། མི་རབས་རྗེས་འཛིན་གྱི་ལས་འགན་ཞིག་ཡིན་དྲན་གྱི་ཡོད།

སྤྱིར་མཐུན་སྒྲིལ་ཞེས་པ་དང་ཆིག་སྒྲིལ་ཞེས་པ་གཉིས་ཕལ་ཆེར་ནང་དོན་དོ་མཉམ་པ་འདྲ། ཆིལ་སྒྲིལ་དང་ཁ་བྲལ་གཉིས། གཅིག་མཐོ་ན་གཅིག་དམའ་བ། གཅིག་དམའ་ན་གཅིག་མཐོ་བ་སྲང་མདའ་ལྟ་བུ་ཞིག་རེད། འཇིག་རྟེན་པས་དངོས་པ་གཅིག་ལ་ལྟོས་པའི་བྱ་བ་འདི་གཉིས་ལྡོག་ཕྱོགས་ཁོ་ན་ཡིན་པར་ངོས་འཛིན་བྱེད། གུང་ཁྲན་གྱིས་ཀྱང་དེ་སྔ་བོད་མི་སྐྱབས་བཅོལ་བ་ཚོར་ཁ་བྲལ་གྱི་ནག་ཉེས་གཡོགས་བསྡད་པ་རེད། སྐད་ཆ་དེས་མི་སུ་ཡིན་ནའང་ནག་པོ་བཟོ་ཐུབ་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཁ་བྲལ་གཏོང་བ་ཞེས་པའི་བྱ་ཚིག་འདི་དང་འདིའི་བྱེད་ལས། འདིའི་ལོ་རྒྱུས་སོགས་གང་ནས་བལྟས་ཀྱང་སྐྱོན་གྱི་ཆ་འབའ་ཞིག་ལས་མ་འདས་པས། འཛམ་གླིང་གི་མི་ཚང་མས་ཁ་བྲལ་བ་ཞེས་པ་དེ་ནག་པོ་ནག་རྐྱང་ཞིག་ལ་མཐོང་བསྡད་པ་རེད། དེར་བརྟེན་ཆིག་སྒྲིལ་དགོས་ན་ཁ་བྲལ་མཚམས་འཇོག་དང་ཕྱིར་བསྡུ་བྱ་དགོས། ཁྱོད་ཀྱིས་ཁ་ནས་ཆིག་སྒྲིལ་བཤད་པ་དང་ལག་ནས་ཁ་བྲལ་གཏོང་བ་གཉིས་འགལ་ཟླ་རེད། དེ་སྔ་བོད་མིའི་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་། ནང་ཁུལ་ཁ་བྲལ་མང་པོ་ཕྱིན་པ་རེད། ཆོལ་ཁའི་ནང་ཁུལ། ཆོས་བརྒྱུད་ནང་ཁུལ། དགོན་པའི་ནང་ཁུལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ཁུལ། གནད་ཡོད་མི་སྣའི་ནང་ཁུལ། ཁང་ཚན་ནང་ཁུལ། བླ་བྲང་ནང་ཁུལ། མཐའ་ན་མི་ཚང་ནང་ཁུལ་ཚུན་ཆད་ལའང་ཁ་བྲལ་ཕྱིན་ཡོད་པ་དོན་དངོས་ལོ་རྒྱུས་ཤིག་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཐུགས་འགན་བཞེས་པ་ནས་བཟུང་། སྲིད་སྐྱོང་རང་གི་བྱེད་བབ་ལ་བརྟེན་ནས་ཁ་བྲལ་ཆགས་སོང་བ་ཞིག་གོ་མྱོང་མེད། དེ་དོན་དག་གཅིག་རེད།

སྐད་ཆ་རྙིང་པའི་ནང་། བོད་གཏོར་ན་ཆོས་ཀྱིས་གཏོར། རྒྱ་གཏོར་ན་སྲིད་ཀྱིས་གཏོར། ཞེས་པའི་སྡོམ་ཚིག་ཅིག་བརྒྱབ་ཟིན་པས། དེ་རིང་ཁང་སང་ཡང་བོད་པའི་སྤྱི་ཚོགས་ནང་ལ་ལྷ་འདྲེ་རྩོད་པ་དང་གྲུབ་མཐའ་རྩོད་པའི་རྙོག་ཟིང་ཇེ་ཆེར་འགྲོ་བ་མིག་མཐོང་ལག་ཟིན་ཡིན་དུས། ཁ་དཔེ་དེ་ཚོ་ལ་དོན་དག་མེད་པ་ཞིག་ཡིན་གྱི་མ་རེད་དྲན་གྱི་ཡོད། ཆིག་སྒྲིལ་བྱེད་ཐུབ་པའི་གནད་དོན་གཙོ་བོ་ཁ་ཤས་ཡོད། གཅིག འགོ་ཁྲིད་དྲང་པོ་དགོས་པ། གཉིས། མང་ཚོགས་ནས་དབུ་ཁྲིད་ལ་དབྱེ་བ་མེད་པའི་བརྩི་འཇོག་བྱེད་པ། གསུམ། སྤྱི་པར་ལ་རྒྱ་དང་སེམས་ཤུགས་དགོས་པ། བཞི། ཕ་རོལ་པོའི་ཆོས་ལུགས་དང་གོམས་གཤིས་སོགས་ལ་ཚད་ལས་བརྒལ་བའི་ཇུས་ཏོག་མི་བྱེད་པ། ལྔ། དགྲ་བོ་ལ་འཁོན་འཛིན་བྱེད་པ་ལས་ནང་ཁུལ་གྱི་སྡང་ཟུག་བྱེད་པ་ཉུང་དུ་གཏོང་བ། དྲུག སྤྱི་པ་ཁ་ལ་ཁྱེར་ནས་ཕ་རོལ་པོར་འབུར་འཇོམ་མི་བྱེད་པ། བདུན། མི་གཞན་གྱི་ཤེས་ཡོན་དང་རྒྱུ་དངོས་གོ་གནས་སོགས་ལ་ཕྲག་དོག་མི་བྱེད་པ། བརྒྱད། སྒེར་གྱི་ན་ཚས་ཕ་རོལ་པོས་ཅི་བཤད་ཅི་བྱས་ཐམས་ཅད་ལ་ངོ་རྒོལ་མི་བྱེད་པ། དགུ ཁྱབ་ཁོངས་ཀྱི་ན་ཚས་མི་གཞི་ལ་སྐྱོན་བརྗོད་མི་བྱེད་པ་བཅས་ཡིན།

ཡག་པོ་ཞིག་བྱེད་དང་མི་བྱེད་བོད་མི་མི་རེའི་ངོ་རེའི་ལས་འགན་ཡོད། དེ་ནི་བོད་མི་ཆིལ་སྒྲིལ་དགོས་མིན་གྱི་གནད་དོན་ཞིག་ལ་ཐུག་ཡོད། སྣུམ་འཁོར་ཁ་ལོ་བ་ཞིག་ལ་མཚོན་ན་སོ་སོ་རང་ཉིད་ཀྱིས་ཁ་ལོ་བའི་ལམ་ལུགས་ཀྱི་སྤང་བླང་ཡོངས་རྫོགས་མ་ནོར་བ་བྱེད་ན། ཉིན་དེ་ནས་བཟུང་རང་ཉིད་ལ་ཉེན་ཁ་མེད་པ། སྤྱི་ཚོགས་ལ་དཀའ་ངལ་མི་འབྱུང་བ་ལྟ་བུ་རེད།

གནས་དུས་དང་འཚམས་པའི་བོད་མིའི་ནང་ཁུལ་མཐུན་སྒྲིལ་བྱེད་ཕྱོགས་ལ་བེད་སྤྱོད་གཏོང་རྒྱུར་ཉེ་བར་མཁོ་བའི་ཆ་རྐྱེན་ཡག་ཤོས་གཅིག་དེ། དྲ་རྒྱའི་བརྒྱུད་ལམ་ཁག་ལ་ངོས་འཛིན་བྱ་ཆོག་པས། དེ་ནི་མཐུན་རྐྱེན་ཞིག་རེད། མི་མཐུན་པའི་རྙོག་དྲ་བཟོ་བྱེད་གཅིག་ལ་བེད་སྤྱོད་བཏང་ན་ནོར་བུའི་ནོར་ཉམས་མ་ཆོད་པ་རེད། བོད་པ་ཚོས་མི་གཞན་གྱིས་བཟོས་པའི་དྲ་རྒྱ་དང་སྐད་འཕྲིན་སོགས་བེད་སྤྱོད་བཏང་ནས་ཡོད། བོད་པ་དྲ་རྒྱའི་ནང་སླེབས་པ་དང་ཟིང་ཆ་སློང་བ། ནད་རྙིང་ཡོད་ཚད་མཉམ་དུ་དྲུད་ནས་སླེབས་སོང་ཟེར། ཉམས་མྱོང་གི་ཐོག་ནས་ཤེས་ཀྱི་རེད། ཧ་ཅང་གསལ་པོ་རེད། མི་རིགས་གཞན་པས་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་སྐོར་ཤེས་འདོད་ཆེན་པོ་བྱུང་ནས། ཚོད་ལྟ་དང་རྒྱུས་ལོན་བྱས་པ་ཡིན། དེའི་ཆེད་དུ་རྒྱ་ནག་སྐམ་སའི་རྒྱ་རིགས་རྐྱང་རྐྱང་ཡིན་པའི་སྐད་འཕྲིན་ཚོགས་པ་མི་འདྲ་བ་ ༡༩ དང་། ཐའེ་ཝན་གྱི་རྒྱ་རིགས་རྐྱང་རྐྱང་ཡིན་པའི་སྐད་འཕྲིན་རིགས་མི་འདྲ་བ་གཉིས་ཀྱི་ཚོགས་པ་ཁག་ ༡༤ བཅས་ཀྱི་ནང་དུ་སྔ་རྗེས་འཛུལ་ནས་ཡུན་རིང་བསྡད་པ་ཡིན། ཁོང་ཚོས་ནང་འཁྲུགས་དང་ཟིང་ཆ་བྱེད་བསྡད་པ་ཐེངས་གཅིག་ཀྱང་མཐོང་མ་སོང་།

བོད་ནང་གི་བོད་མི་རྐྱང་རྐྱང་ཡིན་པའི་མདོ་དབུས་ཁམས་གསུམ་གྱི་སྐད་འཕྲིན་ཚོགས་པ་མང་པོ་དང་། བཙན་བྱོལ་ནང་གི་བོད་མི་རྐྱང་རྐྱང་ངམ་ཕལ་ཆེ་བ་བོད་མི་སྐྱབས་བཅོལ་བ་ཡིན་པའི་སྐད་འཕྲིན་ཚོགས་པ་༦༠ མ་ཟིན་ཙམ་ལ་མཉམ་ཞུགས་བྱས་པ་ཡིན། བོད་ནང་གི་སྐད་འཕྲིན་ཚོགས་པ་ཁག་གི་ནང་རྙོག་གླེང་ཉུང་བ་འདུག རྙོག་གླེང་དང་ཟིང་ཆ་ཆེ་ཤོས་དེ་བཙན་བྱོལ་ནང་གི་སྐད་འཕྲིན་ཚོགས་པ་དེ་ཚོ་རེད་འདུག དེ་ཚོ་༸རྒྱལ་བ་རིན་པོ་ཆེ་དང་ཐག་ཉེ་སར་ཆགས་བསྡད་ཡོད་པ་རེད། དེ་སྔ་དུས་ཡུན་རིང་པོར་༸གོང་ས་མཆོག་གིས་གཙོས་དབུ་བཞུགས་བླ་སྤྲུལ་དང་གནད་ཡོད་མི་སྣས་ལམ་སྟོན་བཀའ་སློབ་ག་ཚོད་དང་ག་ཚོད་ཕེབས་ཡོད་རེད། ལྟོས་དང་། ཕན་ཨེ་འདུག གྲུབ་འབྲས་དེ་རེད།

མང་གཙོའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། དྲང་པོ་ཡོང་མིན། ལྷིང་འཇགས་ཡོང་མིན། མཐུན་སྒྲིལ་ཡོང་མིན་སོགས་ཀྱི་གཞི་བཅོལ་སའམ་ཚད་འཇལ་ས་དེ་ཁྲིམས་དང་སྒྲིག་གཞི་ཁག་རེད། བོད་པས་མང་གཙོའི་སྤྱི་ཚོགས་གཞན་དང་མི་འདྲ་བར་དྲང་པོ་ཡོང་མིན་དང་མཐའ་ན་མི་གཞི་བཟང་ཞན་གྱི་དབྱེ་བ་ཡང་བླ་མ་གཅིག་ལ་དད་པ་ཆེ་མིན། བརྩི་བཀུར་ཆེ་མིན། བཀའ་གསུང་ཅི་སྒྲུབ་བྱེད་མིན་སོགས་ཀྱིས་ཡག་ཉེས་ཚད་འཛིན་བྱེད་པ་དེ་རྩ་བའི་ཆ་ནས་ནོར་སོང་བ་རེད། ཤཱཀྱ་ཐུབ་པ་ལ་དད་པ་ཆེ་མིན་དང་བཀའ་བཞིན་བྱུང་མིན་ཟེར་བ་དེ་ཆོས་ལུགས་རྐྱང་པའི་སྐད་ཆ་ཞིག་རེད། མང་གཙོའི་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་ལམ་སྟོན་བྱེད་མཁན་ཁྲིམས་དང་སྒྲིག་གཞི་ཁག་ཡོད་ཡོད་པ་རེད།

༢༠༡༧/༡༠/༩ ཉིན། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ཐད་ལམ་སྟོན་ཕེབས་པ་དང་སྦྲགས། མཛད་སྒོའི་སྡིངས་ཆ་རང་གི་སྟེང་ནས། འཛུབ་མོ་ཐད་ཀར་བཙུགས་ནས་བོད་མིའི་ཆིག་སྒྲིལ་གཏོར་གཤིག་གཏོང་མཁན་གྱི་ནང་དགྲ་དེ་ཚོ། རྒྱ་དམར་གུང་ཁྲན་དང་དོལ་རྒྱལ་ཚོགས་པ་ལས་སྡུག་པ་རེད། ཅེས་པ་སོགས་ཀྱི་ནང་དོན་ལྡན་པའི་ལམ་སྟོན་ཟབ་མོ་ཕེབས་པར། དེར་ཡོད་བོད་མི་མང་པོས། དེ་ནི་དོན་དངོས་ཀྱི་ལམ་སྟོན་བཀའ་སློབ་ཅིག་རེད་བསམ་ཡོད་པ། ཨ་ཅང་ཅང་།

ཕྲན་གྱིས་འགྲམ་པ་ལག་པས་བསྐྱོར་ནས་བསམ་བློ་ཞིག་གཏོང་དུས། དེ་སྔ་བོད་གཞུང་སྒེར་པ་ཡིན་པའི་སྐབས་སུ་རྒྱ་དམར་གུང་ཁྲན་ལ་འཐབ་རྩོད་བྱེད་མུས་ཐོག དེ་ལས་ཚབས་ཆེ་བ་དོལ་རྒྱལ་ཚོགས་པ་ནང་དགྲར་བརྩིས་ནས་རྒོལ་བརྡུང་གི་མདུང་ཁ་ཕྱོགས་གཅིག་ཏུ་བཏད་པ་རེད། ད་ལན་སྲིད་སྐྱོང་གིས་ཆོལ་ཁའི་འཐེན་ཁྱེར་བ་ཚོ་དོལ་ཚོགས་ལས་ཀྱང་སྡུག་པའི་ནང་དགྲར་བརྩིས་པ་རེད། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ནས། བོད་ཀྱི་མང་གཙོ་དེ་༸རྒྱལ་བ་རིན་པོ་ཆེའི་སྒང་ལ་ཡིན་བསམ་མཁན་ཚོ་དོལ་རྒྱལ་ཚོགས་པ་ལས་སྡུག་པ་ཞིག་ལ་བརྩིས་གནང་པ་རེད་ཟེར། ༸གོང་ས་མཆོག་ནས་རང་གཞན་རོགས་གསུམ་དང་ཚེ་འདི་ཕྱི་གཉིས་ཀ་ཕུང་པར་བྱེད་མཁན་སྡུག་ཤོས་དེ་བདག་འཛིན་མ་རིག་པ་དེ་ལ་བརྩིས་གནང་པ་རེད། སྤྱི་འཐུས་གྲོས་ཚོགས་ནང་གཞུང་གི་དབུ་ཁྲིད་རྣམ་པར་ཁ་གཏོང་མཁན་ཚོ་དོལ་རྒྱལ་ཚོགས་པ་ལས་སྡུག་པ་རེད། ཅེས་གསུང་མཁན་བྱུང་། ༢༠༡༦ གི་རྒྱལ་ཡོངས་འོས་བསྡུའི་སྐབས་སུ། ཕྱི་མགོ་ནང་བཙོང་གི་རྒྱའི་སོ་ཉུལ་བ་དེ་ཚོ་དོལ་རྒྱལ་ཚོགས་པ་ལས་སྡུག་པ་ཞིག་ལ་བརྩིས་པ་རེད།

ད་བྱས་ན། ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་ཟིན་པ། བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན་མིའི་གཟུགས་ཅན་གྱི་དོལ་རྒྱལ་བ་དེ་ཚོ་དང་རྒྱ་དམར་གུང་ཁྲན་གཉིས་ཆེས་སྡུག་ཤོས་དེ་མིན་པ་འདྲ། སྡུག་ཤོས་ཨང་དང་པོ་བདག་འཛིན་མ་རིག་པ། དེར་ལས་ཡར་བརྩིས་པའི་སྡུག་ཤོས་ཨང་གཉིས་པ་མང་གཙོ་ཁ་ཁྱེར་བ། ཨང་གསུམ་པ་ཆོལ་ཁའི་འཐེན་ཁྱེར་བ། ཨང་བཞི་པ་གཞུང་གི་དབུ་ཁྲིད་ལ་ཁ་གཏོང་མཁན། ཨང་ལྔ་པ་ཕྱི་མགོ་ནང་བཙོང་གི་རྒྱའི་སོ་ཉུལ་བ། ཨང་དྲུག་པ་དོལ་རྒྱལ་ཚོགས་པ། ཨང་བདུན་པ་རྒྱ་དམར་གུང་ཁྲན་ཡིན་པ་བཅས། གང་ལྟར། དོལ་རྒྱལ་ཚོགས་པ་དང་རྒྱ་དམར་གུང་ཁྲན་གཉིས་གནས་སྐབས་ཆེས་སྡུག་ཤོས་དེ་རྩིས་མེད་པ་འདྲ། སྙམ་པའི་གློ་བུར་རྣམ་རྟོག་གི་འཆར་སྣང་ཞིག་སྐྱེས་པ་རེད།

སྲིད་སྐྱོང་གིས་ལམ་སྟོན་དེ་གནང་ནས། ཉིན་ཤས་ལས་མ་སོང་ཡང་ཁྱོད་ལ་དགོས་པའི་ལས་ཀ་འདི་ཡིན་ཟེར་བ་ལྟ་བུ། རྡ་སའི་རང་དོན་གཙོ་གཉེར་བ་རེ་ཟུང་ནས། ཆོལ་ཁ་དང་ཚོགས་པའི་ལས་ཤོག་ལས་ཐམ་སོགས་བེད་སྤྱོད་ལོག་པར་བཏང་ནས་སླར་ཡང་ཟིང་ཆ་བསླངས། བོད་ཕྱི་ནང་གཉིས་ཀའི་སེམས་ཁམས་དེ་དཀྲུགས་པ་རེད། ཁོ་ཚོས་ཉེ་ཆར་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་གྲོས་ཚོགས་ནང་གི་སྐད་ཆ་ལ་སྒྲོ་བཏགས་ནས། བུད་མེད་ཚོགས་པ་དང་མདོ་སྨད་ཆོལ་ཁའི་མིང་ཐོག་ནས་ཡིག་ཆ་དེ་འདྲ་དྲིལ་བསྒྲགས་བྱས་འདུག ཚོགས་པ་དང་ཆོལ་ཁའི་མིང་བེད་སྤྱོད་གཏོང་མཁན་གྱི་སྐབས་འཚོལ་བ་སྐོར་ཞིག་ནས། མཐུན་སྒྲིལ། སྤྱི་པ། དད་པ། ལྷ་འདྲེ་ཟེར་བ་སོགས་ཀྱི་མིང་ཚིག་དེ་ཚོ་རང་ཉིད་སྣང་བར་མི་འགྲོ་བའི་མི་དེ་ཚོ་རུབ་བརྡུང་བྱེད་སྤྱད་ཀྱི་ལག་ཆ་ཞིག་ལ་ད་དུང་ཡང་བེད་སྤྱོད་གཏོང་བཞིན་འདུག་སྙམ་པའི་ཚོར་བ་དེ་སླར་ཡང་མངོན་འགྱུར་བྱུང་།

རྒྱུ་མཚན་གང་ཡང་མེད་པར་ཁྱོད་ཚོས་བཤད་མི་ཆོག  ང་ཚོས་བཤད་པ་དེ་རྐྱང་རྐྱང་ཉན་དགོས། ནང་ཁུལ་ཆིག་སྒྲིལ་དེའང་ཁྱོད་རང་ཚོས་གཏོར། ཆིལ་སྒྲིལ་ཉམས་ལེན་དེ་ཁམས་པ་མི་མང་གིས་བྱ་དགོས། ཟེར་ནས་གུང་ཁྲན་གྱི་རིག་གནས་གསར་བརྗེ་ལྟ་བུའི་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་། ནམ་ཡང་མགོ་སྒུར་ཐུབ་ཀྱི་མ་རེད། ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་ཞུ་རྒྱུ་ཡིན།

རྔ་ཟེར་བ་དེ་ག་ཚོད་བརྡུང་པ་ཡིན་ན་དེའི་ཚོད་ཀྱིས་གྲགས་འོང་། ལྒང་བུ་གནམ་ལ་མི་འཕར་བར་རེ་བྱེད་པ་དང་ས་ལ་ཤུགས་ཆེར་བརྡབ་པའི་བསམ་བློ་དང་སྤྱོད་པ་གཉིས་ནང་འགལ་རེད། ཁོ་ཚོས་ཤོད་ཡ་གཙོ་བོ་དེ། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གཞུང་བསྟེན་དགྲ་ལྷ་ལ་ཁ་བཏང་སོང་། ༸རྒྱལ་བ་རིན་པོ་ཆེ་ལ་ཁ་བཏང་སོང་། ཟེར་བའི་སྐད་ཆ་དེ་རེད། གནས་ཆུང་ལ་སྙིང་ནས་ཡིད་ཆེས་བློས་འགེལ་ཡོད་པ། ཉིན་གསོལ་ཟླ་གསོལ་ཆག་མེད་བྱེད་མཁན་གྱི་ཤེས་ཡོན་པ་ཞིག་གིས། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་སྐད་ཆ་ལ་ཞིབ་འཇུག་ཡང་ཡང་བྱས་པ་ཡིན། གནས་ཆུང་ལ་ཡིད་ཆེས་དང་དེའི་དག་སྣང་ལ་གནོད་པའི་སྐད་ཆ་སྣེ་གཅིག་ཀྱང་བཤད་པ་མ་གོ་ཞེས་ཡིག་ཐོག་ནས་འགྲེལ་བརྗོད་བྱས་འདུག

དོན་དངོས་ཐོག་ནས་བཤད་པ་ཡིན་ན། གནས་ཆུང་གི་སྐུ་རྟེན་གནས་ཆུང་མིན་པས་དེ་ལ་ཕོགས་སྤྲད་པ་དེའང་གནས་ཆུང་ལ་ཕོགས་སྤྲད་པ་མིན། སྐུ་རྟེན་གྱིས་མ་འགྲིག་པ་དེ་གནས་ཆུང་གི་མ་བྱུང་པ་མ་རེད། དགའ་ལྡན་ཕོ་བྲང་༸རྒྱལ་བ་རིན་པོ་ཆེ་མ་རེད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་༸རྒྱལ་བ་རིན་པོ་ཆེ་མ་རེད། དྲུང་ཆེ་དང་ཕོ་བྲང་གི་མིང་འཛིན་པས་ནོར་སོང་བའང་༸རྒྱལ་བ་རིན་པོ་ཆེས་ནོར་སོང་བ་མ་རེད། ༸གོང་ས་མཆོག་གིས་འཛམ་གླིང་མི་མང་དང་བོད་སྤྱི་པའི་ཆེད་དུ་མཛད་པ་ཇི་སྙེད་ཅིག་བསྐྱངས་ནས་བླ་ན་མེད་པའི་མཛད་རྗེས་རླབས་པོ་ཆེ་བཞག་གནང་པ་ཐམས་ཅད། དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚོའི་འཇོན་ཐང་མ་རེད། གནས་ཆུང་གི་སྐུ་རྟེན་གྱི་འཇོན་ཐང་ཡང་མིན། བོད་མི་ཤི་གསོན་གཉིས་ཀས་༸རྒྱལ་བ་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་ཞུས་བསྡད་པ་དེ། དགའ་ལྡན་ཕོ་བྲང་ལ་ཞུས་པ་མ་རེད།

༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་གཉིས་དབྱེ་བ་ཕྱེ་དགོས་པ། སྟོན་པ་ཤཱཀྱ་ཐུབ་པ་ལ་བླ་བྲང་ཞིག་མེད་པ་ཡིན། ཞེས་པ་སོགས་ལ་དཔེ་སྦྱར་ནས། ༸རྒྱལ་བ་རིན་པོ་ཆེ་ཁོང་རང་ཉིད་ནས་བཀའ་གནང་ཟིན་པ་རེད། ས་མཚམས་ཆུ་མཚམས་མ་ནོར་བ་བྱ་དགོས། ད་དུང་ཤོད་འདོད་ཡོད་ན་ཤོད་དང་། ཡང་ནས་ཡང་དུ་སྦྱང་བཤད་བྱེད་པ་ཡིན་ན། ལྷང་ལ་བུད་ཡོང་ངེས་རེད། གསལ་པོ་ཞིག་ཆགས་རྒྱུ་རེད། ཡག་པོ་ཞིག་ཡོང་རྒྱུ་རེད། རྡོག་རྡོག་དེ་ཡིན།

མི་སུ་འདྲ་ཞིག་གི་ཐད་ནས་སྐད་ཆ་བཀྱོག་བཀྱོག་བཤད་པ་ཡིན་ན། དེ་དྲང་པོ་མ་རེད། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་གྲོས་ཚོགས་ནང་གི་སྐད་ཆ་གསལ་པོ་རེད། དབྱེ་བ་ཡང་གསལ་པོ་ཕྱེ་འདུག དྲང་པོ་བཤད་ན། དགའ་ལྡན་ཕོ་བྲང་གི་ལས་ཁུངས་ལ་མགྲོན་ཤོག་འབྱོར་ཡོད་པ། དྲུང་ཆེ་ཕེབས་ཡོད་པའི་གནད་དོན་གཉིས་ཀ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྲིད་སྐྱོང་བརྒྱུད་ནས་ངོས་ལེན་ཞུས་པ་རེད། དྲུང་ཆེ་རང་གི་ལག་ནས་གཟེངས་རྟགས་ཀྱི་མཛད་སྒོར་ལག་རྟགས་ཐང་ག་སྤྲད་ཡོད་པ་སྲིད་སྐྱོང་མི་མང་དང་བཅས་པ་གོང་འོག་ཚང་མས་པར་རིས་ཀྱི་ལམ་ནས་དངོས་སུ་མཐོང་ཡོད། སྐབས་དེ་དུས་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་གྲོས་ཚོགས་ནང་གི་བཀའ་མོལ་དེ་ཕྱིར་འཐེན་བྱ་དགོས་དོན་ཞིག་རྩ་བ་ནས་མི་འདུག་ཅེས་ཤོད་མཁན་མང་པོ་ཡོད། འོན་ཀྱང་། སྤྱི་འཐུས་ཁོང་རང་ཉིད་ཀྱིས་ཚོགས་ཐོག་ནས་ཁོག་ཡངས་ཁ་གསལ་གྱི་སྒོ་ནས་ཕྱིར་འཐེན་གནང་བ་རེད། དེ་ཁོང་གི་སྐུ་དབང་རེད།

བློ་གཟུ་བོར་གནས་པའི་ཐོག་ནས་ཉོན་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་བཀའ་མོལ་ནང་གི་རེ་བ་གཙོ་བོ་དེ། དགའ་ལྡན་ཕོ་བྲང་སྐོར་དེ། དགའ་ལྡན་ཕོ་བྲང་གི་མིང་ཁྱེར་བ་རེ་གཉིས་ཀྱིས་བཟོས་པའི་ནོར་འཁྲུལ་དེས་༸གོང་ས་མཆོག་གི་མཚན་གནས་ལ་མི་གནོད་པ། བྱ་བ་ངན་པ་དེ་ཚོས་བོད་ཀྱི་ལོ་རྒྱུས་དང་མི་རིགས་ལ་མི་གནོད་པ། ལྷ་འདྲེ་གདོན་གེགས་ཀྱི་སྐོར་དེ། མང་གཙོའི་འགྲོ་ལུགས་ལྟར་བོད་ཀྱི་མང་གཙོའི་སྣེ་ཁྲིད་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་མང་གཙོ་ཀ་བ་གསུམ་གྱིས་གནང་རྒྱུ་ལས། ལྷ་འདྲེ་གདོན་གེགས་ལ་མགོ་འབུལ་ལུས་འབུལ་བྱེད་མི་དགོས་པ། བོད་ཀྱི་མང་གཙོ་དང་ལྷ་འདྲེ་གདོན་གེགས་གཉིས་ཀྱི་བོད་ཀྱི་མང་གཙོ་དེ་གཙོ་བོ་བྱེད་དགོས་པ་སོགས་བསྟན་འདུག དེ་ནི་༸གོང་ས་མཆོག་གི་ལམ་སྟོན་དང་མཐུན་པ་ཞིག་ཡིན་པ་ངེས་ཤེས་རྙེད་ཡོད།

སྤྱི་ཚོགས་རྙོག་སྡོད་མཁན་དེ་ཚོས། མི་མང་སྤྱི་ཡོངས་ལ་ཡག་མདོག་སྙན་འདོག མཐུན་འབྲེལ་ཡོད་མདོག ལ་རྒྱ་ཡོད་མདོག བླ་མའི་བཀའ་དང་དགོངས་པ་བཤད། སྤྱི་ཚོགས་ལྷིང་འཇགས་བཤད། ཤ་ཚ་མདོག་རྐྱང་རྐྱང་བཤད་ནས་ཚང་མ་འགུལ་མ་བཅུག་པར་མར་གནན། མང་པོ་ཞིག་གིས་དེ་གཅིག་ཡིན་ས་རེད་བསམ་ནས་འཇམ་ཐིང་ཐིང་བསྡད་བསྡད་པའི་གོ་སྐབས་དེ་བཟུང་ནས། སོ་སོའི་ནོར་འཁྲུལ་ཕྱིར་འདོན་བྱེད་མཁན། ངན་པའི་ངན་ཚང་འདོན་མཁན། གདོང་ལ་ཐོན་ངེས། གནས་ཚུལ་ཤེས་མཁན། ནུས་པ་ཡོད་མཁན་དེ་ཚོ་ཕབ་དེད་བྱས་ནས། ཟུར་དུ་བཀར། མིང་འབོད་བྱས། ཞྭ་མོ་གཡོག འབྲོག་པའི་ཁ་སྐད་ལ། ཁེར་བཅད་བླངས་ཟེར་བ་ཞིག་ཡོད། དེ་འདྲ་བ་ཞིག་བྱེད་ཀྱིན་འདུག དཔེར་ན། དེང་སང་གཅན་གཟན་གྱི་གནས་ཚུལ་སྟོན་པའི་བརྙན་འཕྲིན་ནང་གཅན་གཟན་ངན་པ་དེ་ཚོས། གླང་རྒོད་ཚོགས་པ་ཆེན་པོ་ཡོད་དུས་ཁོ་ཚོས་གླགས་མི་ཁེལ་བས། དེའི་ནང་གླང་རྒོད་གཅིག་མིག་བཟུང་གིས་ཟུར་དུ་ཕབ་དེད་བྱས་ནས་གསོད་ཀྱི་འདུག་པ་དེ་ནང་བཞིན་བྱེད་ཀྱིན་འདུག གང་ལྟར་ཅི་ཡང་མ་བཤད་ན། ཁོ་ཚོས་དེ་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་ཀྱིན་འདུག ལས་ཀ་དེ་ཚོ་མི་རབས་གོང་མའི་སྐབས་ལ་བེད་སྤྱོད་བཏང་བ་རེད། ལས་འགུལ་དེ་མུ་མཐུད་ནས་སྤེལ་གྱིན་འདུག དེར་བརྟེན་གུས་པ་རང་ཉིད་གདོང་ལ་ཐོན་ནས་སྐད་ཆ་འདི་འདྲ་ཞིག་མ་བཤད་རང་བཤད་ཆགས་སོང་། སེམས་ཚོར་ཡོད་ངེས་ཤིག་ཡིན་ན། བསམ་བློ་ཏན་ཏན་གཏོང་དགོས་པའི་དུས་ཚོད་ཤིག་ལ་སླེབས་འདུག ཝ་མི་བརྒྱལ་ཀ་མེད་འདྲེ་ཡིས་འགྲམ་ལྕགས།། ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར་བྱེད་ཀྱིན་འདུག ཁོ་ཚོས་མཚམས་མ་བཞག་ན། ང་ཚོས་བཞག་གི་མིན། ཚུར་བཅོ་ལྔ་མ་བརྩིས་ན། ཕར་གནམ་གང་བརྩི་དགོས་དོན་མེད། དེ་རྩིས་ཀྱིས་བསམ་བློ་ཐོངས། དེ་གནད་དོན་གཅིག་ཡིན།

ད་ལྟའང་ཁྱོད་ཚོས་རྙོག་བསྡད་པ་དེ་ ༢༠༡༦ གི་རྒྱལ་ཡོངས་འོས་བསྡུ་དང་འབྲེལ་ནས་ཡོང་བཞིན་པ་མི་ཚང་མས་ཤེས་ཀྱི་ཡོད་རེད། སྐབས་དེ་དུས་ལྷ་འཁྲུགས་འདྲེ་འཁྲུགས་བྱུང་ནས་བླ་མའི་ཐུགས་ལ་ཕོག་དགོས་པ། གཞིས་ལུས་རྒྱ་ཆེ་མི་མང་གི་སེམས་ཤི་བཅུག་པ། རྒྱ་གུང་ཁྲན་གྱིས་དགའ་སྤྲོའི་ཐལ་མོ་བརྡབ་ནས་འུར་སྒྲ་བསླངས་པ་དེ། གཙོ་བོ་ཆོལ་ཁའི་འཐེན་ཁྱེར་དང་ནང་འཁྲུགས་ཆེན་པོ་བྱུང་བ་དེ་ལ་ཐུག་ཡོད། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ནས་ཆོལ་ཁའི་མིང་ཐོག་ནས་སྲིད་སྐྱོང་གི་འོས་གཞི་བཏོན་རྒྱུ་མ་བྱུང་། ཆོལ་ཁའི་མིང་ཁྱེར་བའི་རྒྱུན་ལས་ཚོས་ངོ་ལྐོག་གཉིས་ནས་སྲིད་སྐྱོང་གི་འོས་གཞི་ལ་འཐེན་ཁྱེར་བྱ་རྒྱུ་མ་བྱུང་བ་རེད།

གལ་ཏེ་སྐབས་དེ་དུས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་མིང་ཐོག་ནས་སྲིད་སྐྱོང་གི་འོས་གཞི་བློ་བཟང་སེང་གེ་བཏོན་ཡོད་ན། མདོ་སྟོད་ཀྱི་དབུས་རྒྱུན་ལས་དེ་ཚོ་ཉིན་གྱི་མྱི། མཚན་གྱི་ཁྱི་བྱས་ནས་བློ་བཟང་སེང་གེ་ལ་སྲིད་སྐྱོང་གི་འོས་ཐོབ་ཆེད་དུ་མངོན་རྒྱུག་བྱས་པ་ཡིན་ན། བཀའ་ཟུར་ཚོགས་ནས་ཨེ་དྲགས། ལྷ་འཁྲབ་ནས་ཟིང་སླང་ན་ཨེ་དགའ། སྤྱི་ཚོགས་དྲ་ལམ་ཁག་ཏུ་ངུ་འབོད་བྱེད་པའི་གློག་བརྙན་བཀྲམ་ནས་ཨེ་ཕན། གཞི་མེད་སྐྱོན་བརྗོད་བྱས་ནས་ཨེ་དྲགས། གང་ལྟར་ནུས་པ་ཡོད་ཚད་ཀྱིས་དེ་འདྲ་ཞིག་དཀྲུགས་ཡོད་པ་ཡིན་ན། ཁྱེད་རང་ཚོ་ལ་སེམས་ཚོར་ག་འདྲ་ཞིག་སྐྱེ་ས་རེད། གཙོ་བོ་དེ་ལ་བསམ་བློ་ཐོངས། རང་སར་མི་བཞག  མི་སར་རང་བཞག་ནས་ལས་ཀ་ངན་པ་དེ་ཚོ་ཡང་ནས་ཡང་དུ་དྲན་པ་བྱོས།

ཡང་གཅིག་ཤོད་འདོད་བྱུང་། ༢༠༡༦ བོད་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུ། མཁས་དབང་འབུམ་རམས་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་སྤྱི་རྒྱུ་ཟ་བའི་རྐུན་མ་རེད། རྒྱ་ནག་གི་སོ་ཉུལ་བ་རེད། ༸གོང་ས་མཆོག་གི་བཀའ་ལ་མི་བརྩི་མཁན་རེད། འཇིགས་སྐུལ་བ་རེད། མི་གསོད་ལག་དམར་བ་རེད། ཅེས་པ་སོགས་གཞི་མེད་ནག་ཉེས་མང་པོ་གཡོག་ཡོད། བློ་བཟང་སེང་གེ་བྱང་ཆུབ་སེམས་དཔའ་ཡིན་གྱི་མ་རེད། བླ་མ། སྤྲུལ་སྐུ། དགེ་བཤེས། མཁན་པོ་དེ་འདྲའི་ཆོས་ལུགས་ཀྱི་མིང་གནས་ཅན་གྱི་རིགས་མ་རེད་དེ། བཟོད་སྒོམ་ཆེན་པོ་དེ་འདྲ་ཞིག་གནང་ཐུབ་པ་དེ་ཡ་མཚན་རེད། ཚིག་མཚོན་དེ་ཚོའི་རིགས་ཚང་མ་བཟོད་བསྲན་གནང་བ་དེ་བོད་སྤྱི་པའི་ཆེད་དུ་རེད། མཁས་དབང་བློ་བཟང་སེང་གེ་ཕོ་རང་ཉིད་ལ་དེ་འདྲའི་དཀའ་ངལ་ཞིག་འཕྲད་ནའང་། འགག་དོགས་ས་ནས་བོད་སྤྱི་པ་ལ་དགོངས་པ་བཞེས་ཐུབ་མཁན། དཀའ་ལས་རྒྱག་ཐུབ་མཁན། བོད་ཀྱི་གནས་ཚུལ་ཙམ་མ་ཡིན་པར་འཛམ་གླིང་གནས་ཚུལ་ཚང་མ་མཐོང་ཐུབ་མཁན་གྱི་སྲིད་སྐྱོང་དེས། དགག་དགོས་ཀྱི་གནད་དོན་མང་པོ་ཞིག་ལ་གཟིགས་ནས་ད་ལན་བོད་མིའི་ནང་ཁུལ་མཐུན་སྒྲིལ་སྐོར་ལམ་སྟོན་བཀའ་སློབ་ཅིག་ཕེབས་པ་དེ། ཁོང་རང་ཉིད་ལ་དེ་འདྲའི་འོས་བབ་ཆ་ཚང་ལྡན་ཡོད་པ་མ་ཟད། ཧ་ཅང་གི་གནད་ལ་ཁེལ་བ། གནས་དུས་འཚམས་པ་ཞིག་རེད་དྲན་སོང་།

དྲན་པ་སོས་དགོས་རྒྱུ་ཞིག་ལ། བོད་མི་ཚང་མས་ཐུན་མོང་གིས་བརྩི་བཀུར་ཞུ་ས། འདི་ཕྱི་གཉིས་ཀྱི་ཐུན་མོང་གི་སྐྱབས་གནས་དེ་༸རྒྱལ་བ་རིན་པོ་ཆེ་རེད། དེ་སྔ་ཁོང་ལ་བློ་བཟང་སེང་གེ་ལ་གཞི་མེད་སྒྲོ་བཀུར་བྱེད་པ་ནང་བཞིན། རྐུན་མ། རྒྱ་ནག་གི་སོ་པ། འཇིགས་སྐུལ་བ། མི་གསོན་ལག་དམར་བ་སོགས་ཞུ་མ་མྱོང་བ་རེད། འཕགས་མཆོག་སྤྱན་རས་གཟིགས་སྐུ་ཤ་རློན་པ་ཡིན་མིན་སོགས་ཀྱི་སྐད་ཆ་དེ་ཕར་ཞོག  གལ་ཏེ་༸རྒྱལ་བ་རིན་པོ་ཆེ་ལ་དེ་དང་དེ་ལྟ་བུའི་གཞི་མེད་མཚན་སྨད་ཅིག་ཞུས་པ་ཡིན་ན། ང་ཚོ་ཚང་མས་ནམ་ཡང་བཟོད་སྒོམ་བྱེད་ཐུབ་ཀྱི་མ་རེད། དེ་དང་གཅིག་མཚུངས་རེད། ཅེས་ཞུ་རྒྱུ་ཡིན།

མཐའ་དོན། རྒྱ་ནག་གིས་བོད་རྩ་མེད་གཏོང་བའི་ལས་འགུལ་མཚམས་མ་བཞག་པ་འདི་ལ་བརྟེན་ནས་ང་ཚོས་མི་རབས་རྗེས་འཛིན་གྱིས་ལས་དོན་སྒྲུབ་ནས་བཙན་བྱོལ་བའི་མིང་འོག་ལ་བསྡད་ཡོད། དེ་བཞིན་དུ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ན་ཚ་ཁོག་ལ་ཉར་ནས་དམིགས་ཡུལ་ངན་པ་བཅངས། དགྲ་དགའ་གཉེན་སྡུག་གི་ལས་ཀ་སུས་བྱེད་པ་ཡིན་ནའང་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། དགའ་སྡུག་གི་ཚོར་བ་དེ་མུ་མཐུད་ནས་སྡོད་ཀྱི་རེད། ནག་བསུབ་གཏོང་བའི་ལས་འཆར་སུས་རྩོམ་པ་ཡིནའང་དེ་འབྲེལ་གྱི་གདོང་ལེན་མུ་མཐུད་ནས་བྱ་རྒྱུ་ཡིན། གང་ལྟར་སྲིད་སྐྱོང་ལ་གཞི་མེད་སྒྲོ་བཀུར་གྱི་ལས་འགུལ་སྣ་མང་ཞིག་བརྩམས་དང་རྩོམ་བཞིན་པ། སྤྱི་འཐུས་བསྟན་པ་ཡར་འཕེལ་ལ་དོན་མེད་ན་ཚ་དེ་འདྲ་ཞིག་གི་ཀུན་སློང་དང་བཅས་ཟིང་ཆ་རིམ་པས་བསླངས་པ་དེས། ཁྱབ་ཁོངས་སམ་ཤ་ཁྲག་རུས་གསུམ་གྱི་བརྒྱུད་པ་ལ་གཙོ་བོ་དམིགས་པའི་ན་ཚ་ཞིག་ཡིན་པར་ངམ་ངམ་ཤུགས་ཤུགས་ཀྱིས་ཚོར་སྣང་ཐེངས་མང་སྤྲད་པ་རེད། མི་གཅིག་གཉིས་ཤིག་ལ་ཆོལ་ཁའི་ལས་ཤོག་དང་ཚོགས་པའི་ལས་ཤོག་ལས་ཐམ་དང་བཅས་པ་རང་འདོད་ལྟར་བེད་སྤྱོད་ལོག་པ་གཏོང་བའི་ཐོབ་ཐང་དེ་འདྲ་ཞིག་ཡོད་མ་རེད་དྲན་གྱི་ཡོད། གཙོ་བོ་ཆོལ་ཁ་དང་ཚོགས་པ་དེའི་རིགས་ཀྱི་ཁྱབ་ཁོངས་སོ་སོའི་ཤེས་ཡོན་པ་དང་མང་ཚོགས་ནས་བསམ་བློ་གཏོང་རྒྱུ་དེ་རེད།

ནང་ཁུལ་མཐུན་སྒྲིལ་ཡོང་མིན་དེ། རྒྱ་ནག་དང་དོལ་རྒྱལ་ཚོགས་པའི་ལག་པ་ལ་མེད། གལ་ཏེ་ནང་ཁུལ་མཐུན་སྒྲིལ་ལ་དམིགས་ནས་ཕན་ཚུན་བཟོད་སྒོམ་བྱེད་པའི་ལས་ཀ་ཞིག་འགོ་བཙུགས་དགོས་ན། ནང་ཁུལ་ཡིག་འཁྱམ་བཟོ་འགྲེམས་བྱེད་སྡོད་མཁན། མང་གཙོའི་འགྲོ་ལུགས་ལྟར་གཏན་ཁེལ་ཟིན་པའི་དབུ་ཁྲིད་ལ་རྒྱབ་འགལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བརྩམས་མཁན། ཆོལ་ཁ་ཕན་ཚུན་གྱི་ལོ་རྒྱུས་དང་མི་གཞི་ལ་སྐྱོན་བརྗོད་བྱེད་མཁན། མི་གཞན་པའི་ཆོས་བརྒྱུད་དང་ཆོལ་ཁ་ལ་ཇུས་ཏོག་ཚད་མེད་བྱེད་མཁན། རྒྱ་དམར་གུང་ཁྲན་ལ་འཁོན་འཛིན་དང་སྡང་ཟུག་བྱེད་པ་ལས་ནང་ཁུལ་ལ་སྡང་ཟུག་ཚད་མེད་བྱེད་མཁན། སྒེར་ནད་ཁོག་ལ་ཉར་ནས་སྤྱི་པའི་མིང་བེད་སྤྱོད་བཏང་སྟེ་ཕ་རོལ་པོར་འབུར་འཇོམ་བྱེད་མཁན། མི་གཞན་པའི་རྒྱུ་དངོས་གོ་གནས་སོགས་ལ་ཕྲག་དོག་མེ་འབར་ནས་འཁོན་འཛིན་བྱེད་སྡོད་མཁན། སོ་སོ་ལ་རྒྱལ་ཁ་མ་ཐོབ་བར་ཕ་རོལ་པོས་ཅི་བཤད་ཅི་བྱས་ཐམས་ཅད་ངོས་ལེན་མི་བྱེད་མཁན། མདོར་ན། ཕ་རོལ་པོ་དམའ་འབེབ་དང་ནག་པོ་ཇི་ཙམ་བཟོས་ཀྱང་འདོད་བློ་ཁེངས་རྒྱུ་མེད་མཁན། ཁྱོད་ཚོས། ཉི་མ་དེ་རིང་ནས་བཟུང་ལས་ཀ་དེ་ཚོ་མཚམས་བཞག་ནས། ནང་ཁུལ་ཆིག་སྒྲིལ་བསྐྱར་གསོའི་ལས་དོན་དེ་ཁྱོད་ཚོའི་ས་ནས་འགོ་བཙུགས་དགོས་ཡོད། ཅེས་ཞུ་རྒྱུ་ཡིན།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 183

Leave a Reply