བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་གྱི་རང་བཙན་ཉིན་མོ་ཐེངས་༧༡ པའི་ཐོག དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་དུ། སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་རྒྱལ་དར་སྒྲེང་འཛུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་རྒྱལ་གླུ་གྱེར་འདོན་གྱིས་མཛད་སྒོ་སྲུང་བརྩི་ཞུས་སོང་།

སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་རང་བཙན་ཉིན་མོ་དང་འབྲེལ་ནས་གསར་འགོད་པ་ཚོར་“དེ་རིང་རྒྱ་གར་རང་བཙན་རག་པའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ནས། རྒྱ་གར་གཞུང་མང་གཉིས་ཀར་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དང་བོད་མི། བོད་དོན་ཆེད་དུ་གནང་བ་ནང་བཞིན་འཛམ་གླིང་གི་རྒྱལ་ཁབ་གཞན་གང་གིས་ཀྱང་གནང་ཡོད་མ་རེད།”ཅེས་གསུངས་སོང་།

གསར་འགོད་པས་རྒྱ་གར་རང་བཙན་གྱི་ཉིན་མོ་དང་སྦྲགས་བོད་མི་རྣམས་ལ་ག་རེ་གསུང་རྒྱུ་ཡོད་ཅེས་དྲིས་པར།“རྒྱ་གར་དབྱིན་ཇིའི་འོག་ལ་ལོ་༢༠༠ ལྷག་བསྡད་པ་རེད། དེའི་སྔོན་ལ་བཤད་པ་ཡིན་ན་ཁ་ཆེའི་འོག་ལ་ཡང་ལོ་མང་པོ་གནས་པ་རེད། སོ་སོའི་རྒྱལ་ཁབ་ལ་རང་བཙན་མེད་ནས་ཡུན་རིང་པོ་གནས་པ་རེད་དེ། རྒྱ་གར་མི་མང་དང་འགོ་ཁྲིད་ཚོ་སེམས་ཤུགས་མ་ཆག་པར། གཙོ་ཆེ་ཤོས་མི་རིགས་ཀྱི་ངོ་བོ་དེ་སྲུང་སྐྱོབ་བྱས་ཐུབ་པའི་ཐོག  རྩ་དོན་བརྩད་ནས་རང་བཙན་རག་ཐུབ་པ་བྱུང་བ་ཞིག་ཡིན་དུས། གྷན་དྷི་ཡི་ལྟ་གྲུབ་གཞིར་བཟུང་ཞི་བའི་ལམ་ནས་འཐབ་རྩོད་བྱས་ནས་རྩ་དོན་སྒྲུབ་ཐུབ་ཡོད་དུས། ང་ཚོ་ཡིན་ན་ཡང་ཉི་མ་ཞིག་ཏན་ཏན་ཤར་གྱི་རེད། དེར་བརྟེན་ང་ཚོས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དང་། རྩ་དོན་མུ་མཐུད་རྩོད་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད།”ཅེས་གསུངས་སོང་།

དེ་རྗེས་དྷ་སའི་ཉེ་འགྲམ་ཀ་ཅཱ་རི་ཉེན་རྟོག་པའི་རྩེད་ཐང་སྟེང་དུ་དྷ་སའི་རྒྱ་གར་གཞུང་འབྲེལ་གྱི་མཛད་སྒོ་འཚོགས་ཀྱི་ཡོད་ཅིང་། དེ་གར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་མཛད་གཙོ་རྣམ་པ་ཁག་ཅིག་ཕེབས་བཞིན་ཡོད་པ་མ་ཟད་བོད་མི་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 133

Leave a Reply