བོད་རང་བཙན་སློབ་ཕྲུག་ཚོགས་པས་འཐབ་རྩོད་ཆེད་དུ་ལས་འགུལ་སྦྱོང་བརྡར་སྤྲོད་བཞིན་པ།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་དང་ཨ་རི། འཇར་མན། ཨོ་སི་ཀྲོ་ལི་ཡ་སོགས་ལ་བོད་ཀྱི་གཞོན་སྐྱེས་དང་འཐབ་རྩོད་པ། དེ་བཞིན་མི་རིགས་གཞན་གྱི་ལས་འགུལ་བ་རྣམས་ལ་ལས་འགུལ་གྱི་སྦྱོང་བརྡར་སྤྲད་དང་སྤྲོད་བཞིན་ཡོད་པ་རེད་ལ། འདི་ལོའི་ཟླ་བ་༡༠ པའི་ཚེས་༡༣ ནས་༡༩ བར་དྷ་སའི་ཉེ་འགྲམ་དུ་ལས་འགུལ་སྦྱོང་བརྡར་གོ་སྒྲིག་བྱས་ཡོད་པ་རེད། ཟླ་༡༠ པའི་ཚེས་༢༤ ཉིན་འདི་གའི་གསར་འགོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་འགན་འཛིན་བསྟན་འཛིན་ཚེ་ལྷ་ལ། ལས་འགུལ་སྦྱོང་བརྡར་གྱི་ལོ་རྒྱུས་དང་དམིགས་ཡུལ་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཡིན།

 

དྲི་བ། བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་སྦྱོང་བརྡར་གྱི་ལས་གཞི་ཐོག་མར་གང་འདྲ་འགོ་བཙུགས་བྱས་པ་ཡིན་ནམ།

ལན། བོད་རང་བཙན་སློབ་ཕྲུག་ཚོགས་པར་དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་དག་ནི། ལས་འགུལ་ཐོག་སློབ་སྦྱོང་སྤྲོད་རྒྱུ་དང་། འཐབ་རྩོད་ཀྱི་གཞི་རིམ་སྟེ་སློབ་ཕྲུག་ཚོ་འཐབ་རྩོད་ནང་མཉམ་ཞུགས་ཡོང་ཐབས། དེ་བཞིན་དངོས་སུ་ལས་འགུལ་སྤེལ་རྒྱུ་བཅས་གསུམ་རེད། ང་ཚོས་ལས་འགུལ་སྦྱོང་བརྡར་སྤྲོད་རྒྱུ་དེ་ནི་ལས་འགུལ་ཐོག་སློབ་སྦྱོང་སྤྲོད་རྒྱུའི་དམིགས་ཡུལ་ནང་ཚུད་ཀྱི་ཡོད་པ་དང་། དེ་ཡང་ཐོག་མར་ཕྱི་ལོ་༡༩༩༨ ལོར་ཨ་རིར་འཚེ་མེད་ཞི་བའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་ཐད་སྦྱོང་བརྡར་སྤྲོད་མཁན་(Ruckus Society) ཡིས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་དང་སློབ་ཕྲུག་རྣམས་ལ་སྦྱོང་བརྡར་སྤྲད་ནས། རྗེས་སུ་ལས་བྱེད་རྣམས་ཀྱིས་ཚོགས་པ་དེའི་སྦྱོང་བརྡར་སྤྲོད་ལུགས་ལ་གཞིར་བཞག་ནས། བོད་ཀྱི་འཐབ་རྩོད་ཐོག་ལ་ལས་འགུལ་གྱི་སྦྱོང་བརྡར་སྤྲད་འགོ་བཙུགས་པ་རེད།།

དྲི་བ། ད་བར་ལས་འགུལ་སྦྱོང་བརྡར་ཐེངས་ག་ཚོད་སྤྲད་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་གང་དང་གང་དུ་གོ་སྒྲིག་བྱས་ཡོད་པ་རེད་དམ།

ལན། ད་བར་ལས་འགུལ་སྦྱོང་བརྡར་ཐེངས་༢༡ སྤྲད་ཡོད་པ་དང་། དེ་ཡང་རྒྱ་གར་དང་ཨ་རི། ཨོ་སི་ཀྲོ་ལི་ཡ། འཇར་མན་བཅས་སུ་གོ་སྒྲིག་བྱས་ཡོད་པ་རེད།།

དྲི་བ། རྒྱ་གར་ནང་ལས་འགུལ་སྦྱོང་བརྡར་ཐེངས་ག་ཚོད་སྤྲད་ཡོད་དམ།

ལན། རྒྱ་གར་ནང་ཕྱི་ལོ་༢༠༠༥ ནས་འགོ་བཙུགས་ཡོད་པ་དང་། ད་བར་ཐེངས་༡༡ གོ་སྒྲིག་བྱེད་ཐུབ་པ་བྱུང་འདུག

དྲི་བ། སྔར་ནས་ད་བར་ལས་འགུལ་སྦྱོང་བརྡར་དེའི་ནང་བསླབ་གཞི་ལ་འགྱུར་བ་ཕྱིན་ཡོད་དམ།

ལན། དེ་ཏན་ཏན་འཐབ་རྩོད་ཀྱི་གནས་སྟངས་ལ་གཞིགས་པའི་འགྱུར་བ་ཕྱིན་ཡོད་པ་རེད། དཔེར་ན་ང་ཚོས་ཐབས་བྱུས་ལྡན་པའི་འཚེ་མེད་ཞི་བའི་འཐབ་རྩོད་དང་། ལས་འགུལ་གྱི་འཆར་གཞི་སྒྲིག་སྟངས། ལས་འགུལ་དངོས་སུ་སྤེལ་སྟངས་སོགས་བསླབ་གཞི་གསར་པ་ཁག་ཅིག་རྗེས་སུ་སྦྱོང་བརྡར་སྤྲོད་རྒྱུ་འགོ་བཙུགས་ཡོད་པ་རེད་ལ། དེ་བཞིན་འདི་ལོར་བོད་ཀྱི་འཐབ་རྩོད་ལས་འགུལ་ལ་ཐབས་བྱུས་གསར་པ་གང་འདྲ་བྱས་ནས་བསམ་བློ་གཏོང་དགོས་མིན་དང་། འཇར་མན་དུ་སྦྱོང་བརྡར་སྤྲད་སྐབས་བོད་ཀྱི་འཐབ་རྩོད་ཐད་མི་རྣམས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་ཤོད་སྟངས་སོགས་བསླབ་གཞི་གསར་པ་ཁག་ཅིག་ཁ་སྣོན་བྱས་ཡོད་པ་རེད།

དྲི་བ། ད་བར་ལས་འགུལ་སྦྱོང་བརྡར་དུ་མཉམ་ཞུགས་བྱས་ཏེ། རྗེས་སུ་བོད་ཀྱི་འཐབ་རྩོད་ནང་ལས་ཀ་བྱེད་མྱོང་མཁན་དང་བྱེད་བཞིན་པའི་མིའི་ཁ་གྲངས་ཡོད་དམ།

ལན། ད་ལྟའི་ཆར་དེ་རིགས་ཀྱི་ཁ་གྲངས་གསལ་པོ་མེད་དེ། ང་ཚོས་སྦྱོང་བརྡར་དེར་ཚོགས་མི་སོགས་ལས་འགུལ་བ་གཞན་རྣམས་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་བརྩི་བཞིན་ཡོད་པ་དང་། དེ་བཞིན་ངས་ཚོད་དཔག་བྱས་པ་ཡིན་ན་ད་ལྟའི་ཆར་སྦྱོང་བརྡར་ནང་མཉམ་ཞུགས་བྱས་རྗེས། བོད་མི་དང་ཕྱི་རྒྱལ་བ་མཉམ་ཞུགས་པ་ཚོས། བོད་མིའི་འཐབ་རྩོད་དང་དེ་བཞིན་རང་ཉིད་ཀྱི་རྒྱལ་ཁབ་ནང་འཐབ་རྩོད་ཀྱི་ལས་ཀ་བྱེད་མཁན་༡༠༠༠ ནས་༢༠༠༠ བར་ཡོད་པ་རེད་བསམ་གྱི་འདུག །

དྲི་བ། བོད་རིགས་མིན་པའི་མི་རིགས་གཞན་ལ་ཡང་སྦྱོང་བརྡར་སྤྲོད་ཀྱི་ཡོད་དམ།

ལན། སྤྱིར་བཏང་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གལ་ཆེན་བརྩི་མཁན་དང་དེའི་འཐབ་རྩོད་པ་ཞིག་ཡིན་ཚེ། ཕྱི་རྒྱལ་བ་ཡིན་ཚེ་ང་ཚོའི་སྦྱོང་བརྡར་ལ་མཉམ་ཞུགས་ཡོང་ཆེད་མགྲོན་འབོད་བྱེད་ཀྱི་ཡོད་པ་རེད། དཔེར་ན་དེ་སྔོན་ཨ་རིར་མི་རིགས་ནག་པོའི་ཚོགས་པ་ཞིག་གི་ཚོགས་མི་ཡང་སྐད་བཏང་ཡོད་པ་རེད། དེ་བཞིན་ཉེ་འཆར་གྱི་སྦྱོང་བརྡར་ལ་རྒྱ་གར་མི་རིགས་༣༥ ཙམ་གྱིས་ཐོ་འགོད་བྱས་བྱུང་བས། དེ་དག་ནས་མི་གྲངས་༤ འདེམས་སྒྲུག་བྱས་པ་རེད། ང་ཚོས་མི་རིགས་གཞན་ལ་བོད་ཀྱི་འཐབ་རྩོད་ངོ་སྤྲོད་དང་ལས་འགུལ་སྤེལ་སྟངས་སོགས་ཀྱི་ཐོག་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད་ལ། ཁག་ཅིག་སྦྱོང་བརྡར་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོགས་པའི་ནང་ཚོགས་མིར་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རེད།

དྲི་བ། སྦྱོང་བརྡར་སྐབས་སུ་བསླབ་གཞི་མི་འདྲ་བ་གང་དང་གང་ཡོད་དམ།

ལན། སྦྱོང་བརྡར་སྐབས་བསླབ་གཞི་མི་འདྲ་བ་ཁག་ནི། ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བའི་འཐབ་རྩོད་དང་ལས་འགུལ་འཆར་གཞི་སྒྲིག་སྟངས། ལས་འགུལ་དངོས་སུ་སྤེལ་སྟངས། བརྒྱུད་ལམ་ཁག་དང་འབྲེལ་བ་བྱེད་ཕྱོགས། མི་མང་ལ་གཏམ་བཤད། ལོ་རྒྱུས་བཤད་སྟངས། འཐབ་རྩོད་ལ་ཐབས་ཇུས་གསར་པ་བཙལ་ཐབས་སོགས་ཡོད་པ་རེད།

དྲི་བ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལངས་ཕྱོགས་བོད་རང་བཙན་ཡིན་པས། ལས་འགུལ་སྦྱོང་བརྡར་དེ་རིགས་སྐབས་སུ་མཉམ་ཞུགས་པ་ཚོར་རང་བཙན་གྱི་ལངས་ཕྱོགས་གལ་ཆེ་སྐོར་སོགས་ཀྱི་ཁྱབ་སྤེལ་བྱེད་ཀྱི་ཡོད་དམ།

ལན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལངས་ཕྱོགས་དེ་བོད་རང་བཙན་རེད་དེ། ལས་འགུལ་སྦྱོང་བརྡར་སྐབས་སུ་ལྟ་བ་ལངས་ཕྱོགས་སྐོར་ལ་བསླབ་གཞི་མེད་ལ་གལ་ཆེན་པོ་བརྩི་ཡི་མེད་པ་རེད། དེ་ལས་ལས་འགུལ་སྤེལ་སྟངས་ཐོག་ལ་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེན་བརྩིས་ནས། ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱི་ཚོགས་མི་མཉམ་ཞུགས་ཡོང་ཆེད་མགྲོན་འབོད་བྱེད་ཀྱི་ཡོད་པ་རེད།

དྲི་བ། ལས་འགུལ་སྦྱོང་བརྡར་ལ་གདོང་ལེན་བྱེད་དགོས་པ་གཙོ་བོ་གང་ཡང་ཡིན་ནམ།

ལན། གདོང་ལེན་བྱེད་དགོས་པ་གཙོ་བོ་དེ་ང་ཚོའི་ལས་འགུལ་སྦྱོང་བརྡར་ལ་རྒྱ་གར་སོགས་མི་རིགས་གཞན་རྣམས་གང་མང་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ་དེ་རེད་འདུག དེ་ཡང་བོད་ཀྱི་འཐབ་རྩོད་དེ་ཁོང་ཚོའི་འཐབ་རྩོད་མིན་པས། ཁོ་ཚོ་བོད་ཀྱི་འཐབ་རྩོད་སྐོར་ལ་སེམས་ཁུར་སླེབས་ཐབས་བཟོ་རྒྱུ་གལ་ཆེན་པོ་དང་གདོང་ལེན་བྱེད་དགོས་པ་ཞིག་རེད།

དྲི་བ། ལས་འགུལ་སྦྱོང་བརྡར་སྐབས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སྐད་བཏང་གི་ཡོད་པ་རེད་པེ། དེ་དག་གི་རྣམ་འགྱུར་གང་འདྲ་འདུག་གམ།

ལན། ང་ཚོའི་སྦྱོང་བརྡར་དེ་ལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་སྐུ་ཚབ་མཉམ་ཞུགས་བྱེད་མཁན་ཡོད་པས། དེ་དག་གི་རྒྱབ་སྐྱོར་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ། མ་འོངས་པར་ལས་འགུལ་སྦྱོང་བརྡར་དེ་འཆར་གཞི་གསར་པ་གང་ཡོད་དམ།

ལན། མ་འོངས་པར་ལས་འགུལ་སྦྱོང་བརྡར་སྐབས་སྦྱོང་བརྡར་མི་འདྲ་བ་གཉིས་སྤྲོད་འཆར་ཡོད། དེ་ཡང་གཅིག་སྦྱོང་བརྡར་རྒྱུན་ལྡན་ལྟར་མཉམ་ཞུགས་བྱེད་མཁན་གསར་པ་རྣམས་ལ་ལས་འགུལ་སྦྱོང་བརྡར་སྤྲོད་རྒྱུ་དང་། གཉིས་པ་དེར་སྔར་ལས་འགུལ་སྦྱོང་བརྡར་ནང་མཉམ་ཞུགས་བྱེད་མྱོང་མཁན་དང་ད་ལྟའི་ཆར་ལས་འགུལ་སྤེལ་བཞིན་པ་རྣམས་ལ། ཁོ་ཚོས་གཞན་ལ་སྦྱོང་བརྡར་གང་འདྲ་སྤྲོད་དགོས་མིན་ཐད་སྦྱོང་བརྡར་སྤྲོད་འཆར་ཡོད།།

དྲི་བ། ཁྱེད་རང་གིས་བསམ་ཚུལ་གཞན་གསུང་རྒྱུ་ཡོད་དམ།

ལན། ང་རང་གི་བསམ་ཚུལ་ལ་འཐབ་རྩོད་གང་འདྲ་ཞིག་ཡིན་ནའང་འཆར་གཞི་ལྡན་པ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེ་བཞིན་ང་ཚོ་བོད་མི་འཐབ་རྩོད་པ་རྣམས་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་ཁག་གི་སྦྱོང་བརྡར་ཁག་ལ་མཉམ་ཞུགས་བྱ་ཐུབ་པ་ཡིན་ན། དེ་དག་ལས་སྦྱོང་བརྡར་གཏིང་ཟབ་པ་དང་ཐབས་ཇུས་གསར་པ་ཐོབ་རྒྱུ་ཡིན་པས། དེ་གལ་ཆེན་པོ་མཐོང་གི་འདུག སྦྱོང་བརྡར་དེ་རིགས་ལས་ཐོབ་པའི་བསམ་བློ་གསར་པ་རྣམས་བོད་པའི་ནང་ཚུར་ལེན་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་མཐོང་གི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||