བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༡ པ་འགོ་འཛུགས།

ཟླ་འདིའི་ཚེས་༡༥ ནས་ཉིན་དྲུག་རིང་བྷ་ཎ་རཱ་སི་ཧིན་རྡུའི་མཐོ་སློབ་ཀྱི་བོད་རིགས་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤ་ཚོགས་ཁང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་འཚོགས་བཞིན་ཡོད་པ་རེད།

8563ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྷ་ན་ར་སི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གི་སྐུ་ཚབ་སྨན་གྱི་སྡེ་ཚན་ནས་སློབ་དཔོན་ཆེན་མོ་ཝེ་ཀེ་ཤུ་ལཱ་དང་རྒྱལ་སྤྱིའི་སློབ་མའི་ལྟེ་གནས་ཀྱི་ཚོགས་གཙོ་ཨེ་ཆུ་བེ་ཤེར་ཝ་སུ་ཏ་ཝ། དམིགས་བསལ་སྐུ་མགྲོན་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་སོགས ཕེབས་ཡོད་པ་རེད།

ཚོགས་འདུའི་མཛད་སྒོ་ཐོག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཚོགས་གཙོ་ཆོས་སྐུས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ངོ་སྤྲོད་དང་འབྲེལ། ཚོགས་ཆེན་འདི་ཉིད་ཐོག་མར་འགོ་བཙུགས་པའི་བརྒྱུད་རིམ་དང་ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ་སྐོར་གསུང་དོན། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ཐོག་མར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་ཟབ་སྦྱོང་ཞིག་འཚོགས་པ་བརྒྱུད། སྐབས་དེའི་མཐོ་རིམ་སློབ་མ་རྣམས་ཀྱིས་ཕྱི་རྒྱར་དང་རྒྱ་གར་གྱི་མཐོ་སློབ་རྣམས་ལ་སློབ་ཕྲུག་ཚོགས་པ་ཡོད་པ་ནང་བཞིན་བོད་རིགས་མཐོ་རིམ་སློབ་མའི་འབྲེལ་ལམ་གོང་འཕེལ་ཡོང་ཆེད་ལོ་འཁོར་ཚོགས་ཆེན་ཞིག་གོ་སྒྲིག་བྱས་ན་ཡག་པོ་ཡོད་པའི་བསམ་ཚུལ་བཏོན་པ་ལྟར། ཕྱི་ལོ་༢༠༠༦ ལོར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་བྱས་ནས་ད་ལྟ་བར་དུ་ཚོགས་ཆེན་ཐེངས་༡༠ འཚོགས་ཟིན་པ་རེད་ཅེས་དང་། ཚོགས་ཆེན་དགོས་དམིགས་ནི་འབོད་སྒྲ་གཅིག་དང་རྩ་དོན་གཅིག་གི་ཐོག་ནས་འགྲོ་བཞིན་པ་དང་། འབོད་སྒྲ་ནི་རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཞེས་པ་ཡིན་ལ། རྩ་དོན་ནི་ཚོགས་ཆེན་འདི་ཉིད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་སོགས་ཀྱི་ཤུགས་རྐྱེན་གང་ཡང་མེད་པའི་ཐོག་མཐོ་རིམ་སློབ་མ་རང་གི་མངོན་འདོད་དང་བསམ་ཚུལ་གླེང་ཐུབ་པའི་སྡིངས་ཆ་ཞིག་བསྐྲུན་རྒྱུད་དེ་རེད། ཚོགས་ཆེན་གྱི་གྲུབ་ཆ་ནི་གསུམ་དུ་ངེས་སྟེ་ཞིབ་འཇུག་ཚོགས་ཆུང་དང་། གོ་སྒྲིག་ཚོགས་ཆུང་། སྤྱི་ཁྱབ་འབྲེལ་མཐུད་པ་གསུམ་ཆགས་ཡོད་པའི་སྐོར་གསུངས་སོང་། དེ་བཞིན་ཚོགས་ཆེན་གྱི་སློབ་སྟོན་པ་གཉན་ཐར་དང་སྤྱི་ཁྱབ་འབྲེལ་མཐུད་པ་ཉི་མ་ཚེ་རིང་གཉིས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གནད་དོན་ཁག་ལ་གསལ་བཤད་དུས་ཡུན་སྐར་མ་ ༡༠་རེ་གནང་ཡོད་པ་རེད།

དེ་རྗེས་སྐུ་མགྲོན་གཙོ་བོ་བྷ་ན་ར་སི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཚབ་ཀྱིས་གསུང་གསལ། བློ་ཕམ་བྱུང་བ་ཞིག་ལ་ངས་༸ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་མྱོང་མེད། འོན་ཀྱང་ཁོང་གི་གསུང་ལ་ཐོས་བསམ་དང་གནས་ཚུལ་རྣམས་ལ་རྒྱུས་ལོན་བྱེད་མཁན་ཞིག་ཡིན། ཁོང་ནི་འཛམ་གླིང་ཞི་བདེ་དང་སེམས་ཀྱི་བདེ་སྐྱིད་སོགས་གསུང་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་ཙམ་དུ་མ་ཟད། འཛམ་གླིང་གི་གཟེངས་རྟགས་ཆེ་ཤོས་རྣམས་ཀྱི་བདག་པོ་ཡང་རེད་ཅེས་དང་། ཡང་ཁོང་གིས་ཝཱཎ་མཐོ་སློབ་འདི་ནི་༸གོང་ས་མཆོག་གི་དགོངས་གཞི་འོག་གསར་འཛུགས་གནང་བ་ཡིན་པའི་སྐོར་སོགས་གསུངས་སོང་།

དེ་རྗེས་བྷ་ན་ར་སིའི་རྒྱལ་སྤྱིའི་སློབ་མའི་ལྟེ་གནས་ཀྱི་ཚོགས་གཙོས་གསུང་དོན། རྒྱ་གར་ནང་དུ་བོད་རིགས་མཐོ་རིམ་སློབ་མ་༣༠༠༠ ལྷག་གིས་སློབ་གཉེར་བྱེད་བཞིན་ཡོད་པས་ཚང་མའི་ནུས་པ་གཅིག་ཏུ་བསྒྲིལ་ནས་འདི་ལྟ་བུའི་ཚོགས་ཆེན་འཚོགས་ཐུབ་པ་ལ་ཡི་རང་བསྔགས་བརྗོད་དང་། མ་འོངས་པ་ཡིན་ན་བོད་ཀྱི་སྤྱི་ཚོགས་ནང་འབུམ་རམས་སློབ་མ་མང་དུ་འགྲོ་རྒྱུ་ལ་འབད་བརྩོན་བྱས་པ་ཡིན་ན་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གལ་གནད་ཧ་ཅང་ཆེན་པོ་ཆག་གི་རེད་ཅེས་དང་། ཡང་ཁོང་གིས་གསུང་གསལ་གཞོན་སྐྱེས་ཚོའི་ངོས་ནས་སྤྱི་ཚོགས་ནང་ལ་སློབ་གསོའི་ཐོག་བསམ་གཞིགས་ནན་མོ་བྱས་ཏེ་སྤྱི་ཚོགས་ཁྲོད་ཀྱི་ནད་པ་དང་སྐྱོ་བ་རྣམས་ལ་རོགས་སྐྱོར་བྱེད་དགོས་པ་གལ་ཆེན་ཡིན་པས་ཁྱེད་ཅག་གིས་གནད་དོན་འདི་རིགས་ལ་ད་རེས་བགྲོ་གླེང་བྱ་དགོས་པ་གལ་ཆེན་ཡིན་པའི་སྐོར་སོགས་གསུངས་སོང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་གཙོ་བོ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་གྱིས་བོད་ནི་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་ཞིག་ཡིན་ལ་སྔར་བཙན་པོའི་སྐབས་དཔལ་ཡོན་དང་དམག་དོན་གྱི་ཆ་ནས་ཀྱང་ཧ་ཅང་སྟོབས་ཤུགས་ཆེན་པོ་བྱུང་ཡོད། སྟོད་རྒྱ་གར་ནས་སྨད་རྒྱ་ནག་བར་དུ་དབང་བསྒྱུར་མྱོང་བའི་ལོ་རྒྱུས་ཡོད་སྐོར་གསུངས་སོང་། ཡང་ཁོང་གིས་བོད་ཀྱི་མཐོ་རིམ་སློབ་མ་གཙོས་བོད་མི་རྣམས་ཀྱིས་འགན་འཁུར་བྱ་དགོས་པ་གསུམ་ནི། ༡) སྲོལ་རྒྱུན་རིག་གཞུང་དང་དེང་རབས་རིག་གཞུང་ཟུང་འབྲེལ་བྱེད་ཐུབ་པ་དགོས་རྒྱུ་དང་། ༢) སོ་སོའི་རང་མི་རིགས་ཀྱི་རིག་གནས་ལ་སྤྲོ་བ་ཆེན་པོ་ངང་ནས་སྦྱང་རྒྱུ། ༣) སྤྱི་ཚོགས་ལ་ལག་རྗེས་འཇོག་ཐུབ་པ་བཅས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་གསུངས་སོང། ཡང་ཁོང་གིས་བོད་ཕྲུག་འབུམ་རམས་པའི་སྐོར་ལ་གསུང་དོན། འབུམ་རབས་པ་ཟེར་དུས་མཐོ་སློབ་ཁག་ཏུ་འཛུལ་ནས་རྩོམ་བཤུ་བྱས་ཏེ་ལག་ཁྱེར་ཞིག་མཁོ་སྒྲུབ་བྱེད་པ་ཙམ་མ་ཡིན་པར། སློབ་གྲྭ་ཆེ་ཆུང་སོགས་ལ་མ་ལྟོས་པར་རང་ཉིད་ཀྱི་ལས་འགན་གཙུག་འཛིན་ཐོག་ཆེད་རྩོམ་ལེགས་པོ་ཞིག་འབྲི་ཐུབ་པ་བཟོ་རྒྱུ་ཧ་ཅང་གལ་ཆེ་མ་ཟད། ལྷག་དོན་སྤྱི་ཚོགས་ལ་འགན་ཁུར་བའི་ཐོག་ནས་བརྗོད་གཞི་ཀྱང་གནད་ལ་འཁེལ་བ་གདམས་རྒྱུ་ནི་དོན་གྱི་གནད་དམ་པ་ཞིག་ཡིན་པའི་སྐོར་སོགས་གསུངས་སོང་།

ད་རེས་ཕྱི་ཚེས་༡༥ ནས་ཕྱི་ཚེས་༢༠ བར་ཉིན་དྲུག་གི་རིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཐོ་སློབ་ཚོགས་བཅར་བ་ཚོས་”དེང་དུས་བོད་རིགས་མཐོ་རིམ་སློབ་མའི་རེ་བ་དང་གནས་སྟངས།”ཞེས་པའི་བརྗོད་དོན་གཅིག་གི་འོག་ལ་བརྗོད་གཞི་ཁག་མི་འདྲ་བ་བཞི་ནི། ༡) རིག་གཅིག་རྐང་འཛིན་གྱི་མཐུན་རྐྱེན་དང་མདུམ་ལམ། ༢) གཞི་རིམ་གོང་འོག་གི་དགེ་རྒན་གྱི་སྤྲུས་ཚད། ༣) བོད་ཀྱི་མཐོ་རིམ་སློབ་གསོའི་མ་ལག་གསར་སྐྲུན། ༤) ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་གནད་དོན་བཅས་ཀྱི་ཐོག་ལ་བགྲོ་གླེང་ལྷུག་པོ་གནང་འཆར་དང་། ཕྱི་ཚེས་༢༡ ཉིན་ཤེས་ཡོན་ལྟ་སྐོར་དང་ཉེ་འཁོར་གྱི་ས་གནས་ཁག་གཅིག་ལ་གནས་མཇལ་འགྲོ་འཆར་ཡོད་པ་རེད།།
ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 284

Leave a Reply