བོད་རྒྱའི་བར་གྲོས་མོལ་མུ་མཐུད་ཡོང་སླད་ཨ་རིས་འབད་བརྩོན་ཞུ་རྒྱུ་ཡིན་ཟེར།

༢༠༡༧།༢།༡ གཟའ་ལྷག་པ།
བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་ཨ་རིའི་གཞུང་གིས་ཁས་ལེན་བྱེད་བཞིན་ཡོད་ཀྱང་། པེ་ཅིང་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ། ཡང་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་མུ་མཐུད་ཡོང་ཐབས་སླད་ཨ་རིས་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

Rex_Tillerson_confirmation_hearingཟླ་འདིའི་ཚེས་༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ་བསྐོ་གཞག་གཏན་འབེབས་བྱུང་འདུག་པ་དང་། སྐབས་དེར་ཁོང་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བོད་དོན་ཐོག་འབྱུང་འགྱུར་སྲིད་བྱུས་ལངས་ཕྱོགས་ཇི་འདྲ་ཞིག་རྒྱུན་སྐྱོང་གནང་མིན་ཐད་ལན་འདེབས་གསལ་བཤད་བྱས་ཡོད་པ་རེད།

དེ་ཡང་ཕྱི་སྲིད་དྲུང་ཆེ་གསར་པ་སྐུ་ཞབས་རེག་སེ་ཊི་ལར་སན་(Rex Tillerson) གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་དྲི་བར་ལན་འདེབས་གནང་སྐབས།  འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་ཆབ་སྲིད་བཙོན་པའི་གནས་སྟངས་ཆ་རྐྱེན་དུ་བཞག་ནས་ཨ་རིའི་གཞུང་གིས་རྒྱ་ནག་དང་འབྲེལ་བ་གནང་རྒྱུ་ཡིན་པ་དང་།  རྒྱ་ནག་ནང་གི་ཡེ་ཤུ་དང་བོད་མི་ནང་པ། ཁ་ཆེ་ཡུ་གུར་བ། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་བཅས་ཀྱི་ཆོས་དད་རང་དབང་གལ་ཆེར་འཛིན་བཞིན་ཡོད་པ་དང་། ལོ་ལྟར་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་སྔ་ལྟར་མུ་མཐུད་འདོན་རྒྱུ་ཡིན་སྐོར་གསུངས་པ་དང་།  ༢༠༡༦ ལོར་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྐབས་ཆོས་དད་རང་དབང་གི་གནས་སྟངས་ཐོག་ཨ་རིའི་གཞུང་གིས་དམིགས་བསལ་སེམས་འཚབ་བྱེད་དགོས་པའི་རྒྱལ་ཁབ་ཁག་གཅིག་གི་ཐོ་གཞུང་ཡོད་པ་དེའི་ནང་དུ་རྒྱ་ནག་ཚུད་པ་དེ་ད་བར་མུ་མཐུད་ནས་ཐོ་གཞུང་དེའི་ནང་བཞག་ཡོད་པ་དེ་དྲན་གསོ་གནང་འདུག

བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ཐོག་ཨ་རིའི་གཞུང་གི་ལངས་ཕྱོགས་ཇི་འདྲ་ཡིན་མིན་གྱི་དྲི་བར་ལན་འདེབས་གནང་དོན། སྤྱིར་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་ཨ་རིའི་གཞུང་གིས་ཁས་ལེན་བྱེད་བཞིན་ཡོད་ཀྱང་། པེ་ཅིང་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ། ཡང་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་མུ་མཐུད་ཡོང་ཐབས་སླད་ང་ཚོས་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུང་པ་དང་། པེ་ཅིང་སྲིད་གཞུང་གིས་གཙོས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་གུས་བཀུར།  དེ་བཞིན་མི་ཉམས་རྒྱུན་འཛིན་ཡོང་བར་མཐུན་འགྱུར་རོགས་རམ་གནང་དགོས་པའི་རེ་འདུན་ཡང་བཏོན་གནང་འདུག

༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་ཐད་ཀྱི་དྲི་བར་དྲུང་ཆེས་ཐེ་ཚོམ་མེད་པར་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་བ་དང་སྦྲགས།  རྒྱ་ནག་གཞུང་གིས་བོད་ནང་དུ་གསར་འགོད་པ་དང་ཉམ་ཞིབ་པ། གཞུང་འབྲེལ་མི་སྣ་སོགས་ལ་མཐོང་མཆན་མ་སྤྲད་པ་དང་།  བོད་ནང་རང་དབང་ཐོག་ཕྱིན་ནས་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུར་དམ་དྲག་བཀག་འགོག་བྱེད་བཞིན་པ་དེ་ནི་དཀའ་ངལ་ཞིག་ཡིན་སྐོར་གསུངས་འདུག

ཨར་རྒྱ་གཉིས་འབྲེལ་ལམ་སྐབས་རྒྱ་ནག་གཞུང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་སོགས་བོད་ནང་དུ་བསྐྱོད་རྒྱུར་དམ་དྲག་བྱེད་པ་ལྟར་ཨ་རིའི་གཞུང་ནས་ཀྱང་ཨ་རིའི་ནང་ལས་དོན་གཉེར་བཞིན་པའི་རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་གི་འགོ་གཙོ་དང་། ལས་བྱེད།  ཡང་ན་ཨ་རིའི་མི་སེར་བོད་ནང་བསྐྱོད་རྒྱུར་མཐོང་མཆན་མ་སྤྲད་པར་དམ་དྲག་བཀག་འགོག་བྱེད་མཁན་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་རྣམས་ཨ་རིར་ཡོང་རྒྱུར་དམ་དྲག་བྱ་རྒྱུའི་སྲིད་བྱུས་ཐོག་དགོངས་བཞེས་གནང་རྒྱུའི་རྣམ་འགྱུར་བསྟན།

དེ་ཡང་སྐུ་ཞབས་རེག་སེ་ཊི་ལར་སནཅནི་ཨེག་སོན་མི་བྷིལ་(Exxon Mobil) ཚོང་ལས་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཛིན་ཡིན་ཞིང་། ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ལན་ཊམ་ཁོང་ཕྱི་སྲིད་དྲུང་ཆེ་གསར་པར་མིང་འདེམས་གནང་རྗེས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་འོས་ཤོག་འཕེན་སྐབས་རྒྱབ་སྐྱོར་གནང་མཁན་འོས་གྲངས་༡༡ དང་། དགག་པ་གནང་མཁན་འོས་གྲངས་ ༡༠ བྱུང་། དེ་རྗེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁོང་ལ་རྒྱབ་སྐྱོར་འོས་གྲངས་༥༦ དང་། དགག་གྲངས་༤༣ བར་གནས་༡ བཅས་བྱུང་ནས་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པར་བསྐོ་གཞག་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 535

Leave a Reply