བོད་རྒྱ་ཞི་མོལ་དགོས་པའི་གོམ་བགྲོད་ལས་འགུལ་སྤེལ་འདུག

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཚད་ལྡན་དགོས་པ། དེ་བཞིན་༧པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་པའི་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

ཟླ་༨ ཚེས་༡༩ ཉིན་ འཛམ་གླིང་འགྲོ་བ་མིའི་བདེ་རྩའི་ཉིན་མོ་དང་སྟབས་བསྟུན་ནས། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ལྡི་ལིར་གནས་བཞུགས་བོད་མི་ཁག་ཅིག་གཙོས་པས་དྷ་ས་དང་། སྦིར།  ལྡེ་ར་ལྡུན།    ཌལ་ཧོ་སོགས་ཀྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་མི་ཁག་ཅིག དེ་བཞིན་ དབུ་མའི་ལམ་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་སྐུ་ཚབ་ཁག་བཅས། ཁྱོན་མི་གྲངས་༡༠༠ ལྷག་གིས་རཱམ་ལི་ལཱ་ཐང་ཆེན་ནས་ཇནྟར་མནྟར་བར་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད་འདུག

སྐབས་དེར་ལས་འགུལ་བ་ཚོས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་དགོས་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ། རྒྱ་གར་དང་བོད་དབར་གྱི་མཛའ་འབྲེལ་རྒྱལ་གྱུར་ཅིག་ཅེས་སོགས་ཀྱི་སྐད་འབོད་བྱས་ཡོད་པ་མ་ཟད།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མི་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཚད་ལྡན་དགོས་པ། རང་བཙན་རྩོད་ཀྱི་མེད། འཕྲལ་མར་ཞི་མོལ་གནང་དགོས། གཉིས་སྨན་དབུ་མའི་ལམ་ནི་ངོ་ལྐོག་རྒྱབ་མདུན་མེད་པའི་སྲིད་བྱུས་ཤིག་ཡིན་སོགས་ཀྱི་ཡིག་བྱང་འཁྱེར་ཡོད་པ་རེད་འདུག

ཐེངས་འདིའི་ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི་མཉམ་སྦྲེལ་རྒྱལ་ཁབ་དབུས་པའི་རྒྱལ་སྤྱིའི་ཁྱོན་ཡོིངས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང་། དེ་བཞིན་མཉམ་སྦྲེལ་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་གཞན་ཁག་གི་དབུ་ཁྲིད་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་བོད་རྒྱ་གཉིས་བར་ཞི་མོལ་ཡོང་ཐབས། རྒྱ་ནག་གི་བཙན་འཛུལ་ལ་བརྟེན་ནས་བོད་ནང་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་གུས་འདུད་དང་། རང་སྲེག་རྒྱ་རྒོལ་བ་རྣམས་ཀྱི་དགོས་འདུན་གང་ཡིན་པ་གོ་རྟོགས་སྤེལ་རྒྱུ།

དེ་བཞིན་གཙོ་བོ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་དེ་ནི་༧གོང་ས་མཆོག་གི་དགོངས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཡིན་པའི་ཐོག བོད་རྒྱ་ཆེའི་མི་མང་གི་རྒྱབ་སྐྱོར་ཡོད་པ་ཞིག་ཡིན་པས། བོད་རྒྱ་གཉིས་ཞི་མོལ་མྱུར་དུ་བྱེད་དགོས་པའི་ཞུ་ཡིག་ལ་མིང་རྟགས་བསྡུ་རུབ་བྱས་ཡོད་འདུག་པ་དང་། དེར་མི་གྲངས་གསུམ་ཁྲི་ཉིས་སྟོང་ལྷག་བྱུང་བ་དེ། མཉམ་སྦྲེལ་རྒྱལ་ཁབ་དབུས་པའི་རྒྱ་ནག་གཞུང་ཚབ་དང་། རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ཏུ་སྤྲོད་རྒྱུ་ཡིན་པ་མ་ཟད། གཞུང་ཚབ་ཁག་གཞན་ལ་སྦྲག་ཐོག་ཏུ་བསྐུར་རྒྱུ་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 168

Leave a Reply