བོད་སོག་ལས་ཁུངས་སྒོ་རྒྱག་རྒྱུ་ངེས་གཏན་ཆགས་འདུག

ཐའེ་ཝན་གཞུང་འབྲེལ་ལས་བྱེད་ཀྱིས་ཐའེ་ཝན་གཞུང་གི་ལས་དོན་ཚགས་ཚུད་ཡོང་ཆེད་སྒྲོམ་གཞི་བསྐྱར་བཟོ་བྱེད་རྒྱུ་ཡིན་པའི་ཆ་ཤས་སུ། བོད་སོག་ལས་ཁུངས་དེ་ལོ་འདི་མ་རྫོགས་པའི་སྔོན་དུ་སྒོ་རྒྱག་རྒྱུ་ཡིན་སྐོར་ངེས་གཏན་བཟོས་ཡོད་འདུག

ཟླ་༨ པའི་ཚེས་༡༦ ཉིན་ཧོང་ཀོོང་གི་བརྒྱུད་ལམ་ཆེ་ཤོས་ལྷོ་རྒྱ་ནག་རྒྱ་མཚོའི་ཞོགས་འཕྲིན་ཐོག་གནས་ཚུལ་སྤེལ་གསལ། ཟླ་༨ པའི་ཚེས་༡༥ ཉིན་ཧོང་ཀོང་འཛིན་སྐྱོང་གི་མགྲིན་ཚབ་པ་སྐུ་ཞབས་ཧུ་ཀའོ་ཡུང་གིས། བོད་སོག་ལས་ཁུངས་དེ་སྒོ་རྒྱག་འཆར་ཡོད་རྐྱེན། འཛིན་སྐྱོང་གིས་ལོ་རྗེས་མའི་སྔོན་རྩིས་འཆར་འབུལ་ནང་བོད་སོག་ལས་ཁུངས་ཀྱི་རྩིས་ཁྲ་བཙུད་མེད་པ་དང་། ལས་ཁུངས་དེའི་ལས་དོན་ཁག་ཅིག་ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ཁང་གི་འོག་ཏུ་ཡོད་པའི། ཧོང་ཀོང་དང་མ་ཁའོ། སོག་པོ་དང་བོད་བཅས་ཀྱི་ལས་དོན་སྡེ་ཚན་ལ་བཀོད་སྒྲིག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་བོད་སོག་ལས་ཁུངས་ཀྱི་ལས་དོན་ཁག་ཅིག་ཐའེ་ཝན་གྱི་རིག་གཞུང་ལྷན་ཁང་ལ་བཀོད་སྒྲིག་བྱ་རྒྱུ་དང་། འབྲེལ་ལམ་དང་བརྗེ་ལེན་གྱི་ལས་དོན་རྣམས་ཕྱི་སྲིད་ལྷན་ཁང་གིས་འགན་འཁུར་རྒྱུ་ཡིན་པ་རེད་འདུག

ལས་ཁུངས་དེའི་ནང་ལས་བྱེད་༤༩ ཡོད་པ་ནས་༦ ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ཁང་དུ་ལས་བསྐོ་བྱ་རྒྱུ་དང་། ལྷག་མ་རྣམས་རིག་གཞུང་ལྷན་ཁང་གི་སྡེ་ཚན་གསར་པ་བོད་སོག་རིག་གཞུང་ལྟེ་གནས་ཁང་དུ་ལས་བསྐོ་བྱ་རྒྱུ་ཡིན་པ་རེད་འདུག

བརྒྱུད་ལམ་དེའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་༡༩༤༩ ལོའི་རྗེས་སུ་ཐའེ་ཝན་ནང་དུ་ཡོད་པའི་གོ་མིན་ཏང་གི་འགོ་འཁྲིད་ཅང་ཅེ་ཧྲེ་ཡིས། བོད་སོག་ལས་ཁུངས་དེ་བེད་སྤྱད་ནས་བོད་དང་ནང་སོག་ནང་རྒྱ་ནག་དམར་ཤོག་ཚོགས་པར་གྱེན་ལངས་བྱེད་མཁན་ལ་མཐུན་སྦྱོར་བྱེད་ཐབས་བྱས་ཡོད་འདུག་པ་དང་། ཕྱི་ལོ་༡༩༧༡ ནས་༡༩༧༨ བར་ལས་ཁུངས་དེའི་ལས་དོན་གཙོ་བོ་ནི། རྒྱ་གར་དང་བལ་ཡུལ་ནས་བོད་ཕྲུག་འདེམས་སྒྲུག་བྱས་ཏེ། ཐའེ་ཝན་དུ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་དེ་ཡིན་འདུག དེ་ཡང་ མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པ་ལག་ནས་རྒྱ་ནག་ཚུར་བླངས་རྗེས། སློབ་ཕྲུག་དེ་རིགས་བེད་སྤྱོད་ཡོང་རྒྱུའི་རེ་བ་བྱས་ཡོད་འདུག་ཀྱང་། ཕྱི་ལོ་༡༩༧༥ ལོར་ཅང་ཅེ་ཧྲེ་ཤི་རྗེས། གོ་མིན་ཏང་གི་རེ་བ་སྒྲུབ་ཐབས་མེད་པ་ངོས་འཛིན་བྱས་ཡོད་པ་རེད་འདུག

གོ་མིན་ཏང་གིས་རྒྱ་ནག་གཞུང་འཛིན་སྐབས། ཕྱི་ལོ་༡༩༢༨ ལོར་བོད་སོག་ལས་ཁུངས་ཞེས་པའི་མིང་བཏགས་ཡོད་པ་རེད་འདུག

བོད་སོག་ལས་ཁུངས་ཀྱི་བརྗོད་དོན་ལྟར་ན། ད་ལྟའི་ཆར་ཐའེ་ཝན་ནང་སོག་རིགས་༤༧༢ དང་བོད་རིགས་༦༤༨ གནས་སྡོད་བྱེད་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 265

Leave a Reply