བོད་སྨན་གྱི་བདག་དབང་ཐོག་རྒྱ་དཀར་ནག་གཉིས་རྩོད་པ་རྒྱག་བཞིན་ཡོད་རེད་ཟེར།

རྒྱ་ནག་གིས་བོད་སྨན་གྱི་བདག་དབང་ཁོ་རང་ཚོར་དབང་བ་བཟོ་ཐབས་བྱེད་བཞིན་ཡོད་པ་དང་། བོད་སྨན་གྱི་བདག་དབང་ཐོག་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་རྩོད་པ་རྒྱག་བཞིན་ཡོད་པ། ཚོགས་འདུའི་ཐོག་སྨན་རྩིས་ཁང་ཡོང་ན་མི་འགྲིག་ཟེར་བརྗོད་ཡོད་སྐོར་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་ནུ་བཀྲ་ཤིས་ཚེ་རིང་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡ དང་སྐར་མ་༣༠ ཐོག་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོ་དང་སྟབས་བསྟུན་ནས། སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་བཀྲ་ཤིས་ཚེ་རིང་གིས་ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡༠ པའི་ཕྱི་ཚེས་༦ ནས་ཉིན་གཉིས་རིང་། འཛམ་གླིང་རྒྱ་ནག་སྨན་གྱི་མཐུ་ཚོགས་ཀྱི་གོ་སྒྲིག་འོག བོད་ལུགས་གསོ་རིག་ཆེད་ལས་ཚོགས་པ་ཟེར་བས། བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་དང་ཐུན་མོང་གི་གསོ་ཐབས་འཚོ་བ་ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་བགྲོ་གླེང་ཚོགས་འདུ་ཐེངས་༣ པ་དེ་ཨ་རི་ཧར་ཝཊ་གཙུག་ལག་སློབ་གཉེར་ཁང་སྨན་གྱི་སློབ་གླིང་དུ་འཚོག་རྒྱུ་ཡིན་པ་དང་།དེ་ནི་རྒྱ་ནག་གཞུང་གི་ཇུས་ངན་ཞིག་ཡིན་སྐོར་ཐོག་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསལ་འགོད་གསལ་བསྒྲགས་ནང་“མངོན་གསལ་བརྗོད་འདོད་ཡོད་པ་ཞིག་ལ། རྒྱ་དམར་གཞུང་གིས་བར་ལམ་ནས་རྒྱལ་སྤྱིའི་ནང་བོད་སྨན་གྱི་བདག་ཐོབ་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བེད་སྤྱོད་གཏོང་བ། བཞུགས་སྒར་སྨན་རྩིས་ཁང་ལ་ཚོགས་འདུ་དེ་གསང་བ་བྱ་རྒྱུ་མ་ཟད། ཚོགས་འདུར་གདན་ཞུ་དང་གཏམ་བཤད་གོ་སྒྲིག་བྱས་ན་འགྲིག་མིན་སོགས་ཨ་རིའི་འབྲེལ་མཐུད་པར་བཀོད་མངགས་བྱེད་སྟངས་ལ་གཞིགས་སྐབས་རྒྱ་དམར་གྱིས་སྲིད་བྱུས་ངན་པ་ཞིག་གི་འོག་གྲབས་གཤོམ་གྱི་ཡོད་པ་རེད། ཚོགས་འདུ་འདི་བོད་ཀྱི་སྲོལ་རྒྱུན་སྨན་གྱི་རིག་གནས་ཡར་རྒྱས་གཏོང་ཕྱོགས་རྐྱང་པ་ཡིན་པ་དང་། རྒྱ་དམར་གཞུང་གིས་བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བརྒྱུད་འཕྲལ་ཕུགས་དམིགས་ཡུལ་གཞན་ཇི་འཛིན་ཡོད་པ་རྣམས་རིམ་བཞིན་རྟོགས་པ་བྱ་དགོས་སྟབས། དགག་བྱ་ལས་དགོས་པ་གལ་ཆེར་འཛིན་ཏེ་ཚོགས་འདུ་དེར་བཞུགས་སྒར་སྨན་རྩིས་ཁང་ནས་གཞུང་འབྲེལ་སྨན་པ་གཉིས་ཆེད་གཉེར་ཞུས་པའི་ཐོག ལས་ཐོག་སྨན་པ་གང་མང་ཕོགས་མེད་དགོངས་ཞུའི་ཐོག་བསྐྱོད་འཐུས་བཀའ་འཁྲོལ་གནང་བ་དང་། ཨ་རི་དང་ཡུ་རོབ་ཁུལ་གྱི་སྨན་རྩིས་ཁང་གི་སྨན་པ་ཟུར་པ་གང་མང་ཕེབས་ཐབས་སྐོར་གནས་འབྲེལ་ཞུས་ཡོད། བོད་ནས་སྤུན་ཟླ་སྨན་པ་མང་དག་ཅིག་དངོས་སུ་ཕེབས་རྒྱུ་ཡིན་པ་རྣམས་དང་བཟང་ཕྱོགས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐུབ་པའི་རེ་བ་ཞུ་གི་ཡོད། རྒྱ་དམར་གྱིས་བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བེད་སྤྱོད་བཏང་སྟེ་ཚོགས་འདུ་བཞི་པ་འཚོགས་སྐབས་འདི་ལོའི་ཚོགས་འདུའི་ཉམས་མྱོང་གཞི་བཅོལ་གྱིས་ལངས་ཕྱོགས་ཡོང་རྒྱུ་བཅས་”ཞེས་འཁོད་འདུག

མཛད་སྒོ་གྲོལ་རྗེས་གསར་འགོད་པས་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་ནུ་བཀྲ་ཤིས་ཚེ་རིང་ལ་དྲི་བ་དྲིས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཨ་རི་འཚོག་རྒྱུའི་བགྲོ་གླེང་ཚོགས་འདུ་དེའི་ནང་། དྷ་ས་སྨན་རྩིས་ཁང་གི་གཞུང་འབྲེལ་སྨན་པ་གཉིས་ཆེད་གཏོང་ཐོག ལས་ཐོག་སྨན་པ་༧ ཕོགས་མེད་པའི་ཐོག་ནས་ཚོགས་འདུ་ལ་ཕྱིན་ཡོད་འདུག་ཅིང་། དེ་ནི་ཨ་རི་དང་ཡོ་རོབ་ནས་སྨན་རྩིས་ཁང་གི་སྨན་པ་ཟུར་པ་མང་པོ་ཞིག་ཚོགས་འདུ་དེར་ཡོང་གི་ཡོད་ཁར། བོད་ནས་ཀྱང་སྨན་པ་མང་པོ་ཞིག་ཡོང་གི་ཡོད་འདུག་པས་དེ་དག་དང་ཐུག་འཕྲད་བྱ་རྒྱུ་དང་གནས་ཚུལ་ཤེས་རྟོགས་བྱ་ཆེད་ཡིན་འདུག གཞན་ཡང་ལྷན་ཚོགས་ཀྱི་སྐབས་སུ་གཏམ་བཤད་བྱེད་མཁན་རྣམས་ཕྱི་རྒྱལ་བ་དང་། བོད་ནས་ཕེབས་མཁན་གྱི་སྨན་པ། རྒྱ་གར་ནང་གི་བོད་རིགས་ཁ་ཤས་བཅས་གྲ་སྒྲིག་བྱས་ནས། སྨན་རྩིས་ཁང་དང་པོ་ནས་ཡོང་ན་མི་འགྲིག་ཟེར་ནས་ཚོགས་འདུ་དེའི་སྐོར་སྨན་རྩིས་ཁང་ལ་གསང་བ་བྱས་ཡོད་སྟབས་ལྷན་ཚོགས་སྐབས་སུ་གང་བྱ་ཐབས་མེད་ཀྱང་། ཚོགས་ཆུང་བགོ་འགྲེམ་སོགས་ཀྱི་སྒོ་ནས་བོད་ནས་ཡོང་བའི་སྨན་པ་རྣམས་དང་ཐུག་འཕྲད་དང་གྲོས་མོལ་ཡོང་རྒྱུའི་རེ་བ་འཛིན་གྱི་ཡོད་སྐོར་གསུངས་བྱུང་།

དེ་བཞིན་ཁོང་གིས་དེ་སྔོན་བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་དང་ཐུན་མོང་གི་གསོ་ཐབས་འཚོ་བ་ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་བོད་མདོ་སྨད་ཁུལ་དང་། ཐེངས་གཉིས་པ་ལྷ་ས་རུ་འཚོགས་ཡོད་པ་དང་། ཚོགས་འདུ་ཕྱི་མའི་སྐབས་སུ་སྨན་པ་མང་པོ་ཞིག་གིས་ཚོགས་ཆེན་དེའི་ནང་དོན་རྟོགས་ནས་འདོད་པ་མ་ཁེངས་པ་བྱུང་ཡོད་པ།  མ་གཞི་ནས་བོད་སྨན་གྱི་བདག་དབང་ཐོག་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་རྩོད་པ་བརྒྱབས་བཞིན་ཡོད་པ་དང་། རྒྱ་ནག་གིས་བོད་སྨན་དེ་ཁོ་རང་ཚོའི་བདག་དབང་བཟོ་ཐབས་བྱེད་བཞིན་ཡོད་པ། རྒྱ་ནག་གིས་བོད་ཀྱི་སྨན་པ་འཇིགས་མེད་ཕུན་ཚོགས་བེད་སྤྱོད་གཏོང་བཞིན་ཡོད་པ། ཚོགས་འདུ་དེའི་ཆེད་དུ་རྒྱབ་ལོགས་ནས་རྒྱ་ནག་གཞུང་གིས་འགྲོ་སོང་ཕོན་ཆེན་གཏོང་བཞིན་ཡོད་སྐོར་སོགས་གསུངས་བྱུང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 237

Leave a Reply