བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་༨ རྩིས་ལེན་རྒྱུ་གཏན་ཁེལ་འདུག

ཟླ་འདིའི་ཕྱི་ཚེས་༨ ཀྱི་ཉིན་རྒྱབ་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་དང་། ཤེས་རིག་དྲུང་ཆེ་ཀརྨ་སེང་གེ། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་གསུམ་གྱིས་གསལ་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། འདི་ལོའི་ཕྱི་ཟླ་༢ པའི་ནང་ཚུད་སམ་བྷོ་ཊ་བོད་སློབ་ཚོགས་པར། རྒྱ་གར་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་༨ རྩིས་སྤྲོད་གནང་རྒྱུ་གཏན་འཁེལ་ཡོད་པ་དང་། སློབ་གྲྭ་དེ་དག་ནང་དགེ་ལས་༡༥༨ ཀྱི་ལས་ཀའི་ས་མིག་ཡོད་པའི་གསལ་བསྒྲགས་གནང་སོང་།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་དགེ་ལས་ཀྱི་ས་མིག་སྟོང་པ་མང་པོ་ཐོན་པའི་རྒྱུ་མཚན་ནི། བོད་སློབ་འཛིན་ཚོགས་ལས་སློབ་གྲྭ་རྣམས་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་དུས་རྒྱ་གར་གྱི་དགེ་རྒན་རྣམ་པར། མུ་མཐུད་སློབ་གྲྭ་ནང་བཞུགས་སམ་སློབ་གྲྭ་གཞན་ལ་གནས་སྤོ་བྱེད་རྒྱུའི་གདམ་ཁ་ཕུལ་བ་བཞིན། རྒྱ་གར་གྱི་དགེ་རྒན་བརྒྱ་ཆ་༩༠ ལྷག་སློབ་གྲྭ་གཞན་དུ་གནས་སྤོ་བྱས་པ་ལ་ཐུག་ཡོད་སྐོར་དང་། ད་ལྟའི་དགེ་ལས་ཀྱི་ས་མིག་གསར་པ་རྣམས་ནི་ཆོད་གན་གྱི་ཐོག་ནས་ཡིན་པ་ལས་གཏན་འཇགས་མིན་པ། དེ་སྔོན་རྩིས་བླངས་ཟིན་པ་དང་རིང་མིན་རྩིས་ལེན་རྒྱུ་ཡིན་པ་གཉིས་ཀའི་ནང་མ་ཐེ་བ། བོད་སློབ་འཛིན་ཚོགས་ཁོངས་ཀྱི་སློབ་གྲྭ་གཞན་༦ དེ་མ་འོངས་པར་རྩིས་ལེན་ཐུབ་སོང་ཚེ། གཏན་འཇགས་ལས་བྱེད་དུ་བསྐོ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེ་ཡང་ལས་ཀའི་ས་མིག་ནི། གཞི་རིམ་གོང་མའི་དགེ་རྒན་༡༩ དང་། གཞི་རིམ་བར་མའི་དགེ་རྒན་༥༥ གཞི་རིམ་འོག་མའི་དགེ་རྒན་༣༣ ལུས་རྩལ་དགེ་རྒན་༩ ཟློས་གར་དགེ་རྒན་༣ དཔེ་མཛོད་དོ་དམ་པ་༨ ཀམ་པུ་ཊར་དགེ་རྒན་༨ ལྟ་གྲུབ་དགེ་རྒན་༧ རྩིས་པ་༨ ལས་དྲུང་༨ བཅས་ཁྱོན་བསྡོམས་དགེ་ལས་གྲངས་༡༥༨ དགོས་ཀྱི་ཡོད་པ་དང་། དགེ་ལས་ཀྱི་ས་མིག་ཐོག་ཞུགས་བློ་ཡོད་པ་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ནས་འཚང་སྙན་འགེངས་ཤོག་ཕབ་ལེན་བྱས་ཏེ། འདི་ལོའི་ཕྱི་ཟླ་༢ པའི་ཚེས་༢ ཀྱི་སྔོན་ཚུད་དུ་འགེངས་ཤོག་བསྐངས་ཟིན་པ་དེ་ (academic@tibet.net)ཞེས་པའི་གློག་འཕྲིན་ཁ་བྱང་ཐོག་བསྐུར་དགོས་ཀྱི་ཡོད་པ་དང་། དུས་བཀག་ནང་ཚུད་འཚང་སྙན་ཕུལ་འབྱོར་མ་བྱུང་བ་རྣམས་ངོས་ལེན་བྱ་རྒྱུ་མིན་འདུག

ད་བར་དབུས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་ཁག་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་དང་པོ་དེ་ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༡༢ པའི་ནང་བྱས་ཡོད་པ་དང་། སྐབས་དེར་སྔོན་འགྲོའི་སློབ་གྲྭ་༣༣ དང་། གཞི་རིམ་འོག་མའི་སློབ་གྲྭ་༤ དང་། རིམ་པ་གཉིས་པ་དེ་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༧ པའི་ནང་བྱས་ཡོད་པ་དང་། སྐབས་དེར་གཞི་རིམ་འོག་མའི་སློབ་གྲྭ་༥ དང་། གཞི་རིམ་བར་མའི་སློབ་གྲྭ་༥ བཅས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་ཟིན་ཡོད་པ་དང་། ད་ཐེངས་རྩིས་སྤྲོད་རྩིས་ལེན་རིམ་པ་གསུམ་པ་དེ་འདི་ལོའི་ཕྱི་ཟླ་༢ པའི་ནང་ཚུད་དུ་བྱེད་ཀྱི་ཡོད་ཅིང་། དེ་དག་ནི་མོན་གྷོ་གཏན་སློབ་དང་། སྦེལ་ཀོབ་དབུས་སློབ། ཌོ་ལན་ཇི་བོན་གཞིས་ཉིན་སློབ། སྦེལ་ཀོབ་བདེ་སླར་གཞིས་གསོ། ཀོ་ལེ་གྷར་དབུས་སློབ། ཧུན་སུར་དབུས་སློབ། ཨོ་རི་ས་དབུས་སློབ། སོ་ན་མདའ་དབུས་སློབ་གྲྭ་བཅས་སློབ་གྲྭ་ཆེ་ཁག་བརྒྱད་ཡིན་པ་དང་། འདི་དག་གི་ཁོངས་སུ་འཛིན་རིམ་༡༢ བར་ཡོད་པའི་སློབ་གྲྭ་གསུམ་དང་། འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭ་ཁག་ལྔ་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༣ ནས་ད་བར་ཁྱོན་སློབ་གྲྭ་༤༧ རྩིས་ལེན་ཟིན་པ་དང་། ༨ རིང་མིན་ལེན་ངེས་པ། སློབ་གྲྭ་༦ ལྷག་པ་རྣམས་ཀྱང་རིམ་བཞིན་རྩིས་ལེན་རྒྱུ་ཡིན་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 533

Leave a Reply