བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལ་གྲ་སྒྲིག་ཡིན་ཟེར།

བྱང་ཀོ་རི་ཡས་ད་ཐེངས་ཀྱི་དམག་དཔུང་དང་གོ་མཚོན་ངོམ་སྟོན་འདི་ནི་བྱང་ཀོ་རི་ཡ་དང་ཨ་རི་གཉིས་བར་དུ་དམག་འཁྲུག་ཡོང་རྒྱུའི་ཐད་དངངས་འཚབ་བྱེད་བཞིན་པའི་སྐབས་སུ་བྱས་པ་ཞིག་ཡིན་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན་བྱང་ཀོ་རི་ཡའི་རྒྱལ་ས་ཕིན་ཨོང་ཡན་དུ་བྱང་ཀོ་རི་ཡ་རྒྱལ་ཁབ་གསར་འཛུགས་བྱེད་མཁན་གྱི་སྲིད་འཛིན་ཀིམ་ཨིལ་སུང་འཁྲུངས་སྐར་དང་སྟབས་བསྟུན་རྒྱལ་ཁབ་ཀྱི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། འདི་ལོར་ཁོང་འཁྲུངས་ནས་ལོ་༡༠༥ འཁོར་བ་དང་། ཟླ་འདིའི་ཕྱི་ཚེས་༡༥ ཉིན་དུས་དྲན་སྲུང་བརྩིའི་ཐོག ད་ལྟའི་དམག་གི་སྟོབས་ཤུགས་ངོམ་ཕྱིར་དམག་དཔུང་དང་འཐབ་འཁོར་གྱིས་མཚོན་པའི་དམག་འཁྲུག་གི་ལག་ཆ་ངོམ་སྟོན་བྱས་ཡོད་པ་རེད། དམག་དཔུང་གི་རོལ་ཆའི་སྐད་སྒྲ་དང་དཔུང་དམག་ཁྱུ་ཚོགས་རུ་བསྟར་དུ་བསྐྱོད་པ་བཅས་ཀྱིས་བྱང་ཀོ་རི་ཡའི་རྒྱལ་ས་ཕིན་ཨོང་ཡན་གྱི་ས་གནས་ལྟེ་བ་ཀིམ་ཨིལ་སུང་ཐང་ཆེན་ཡོངས་སུ་ཁེངས་ཡོད་པ་རེད་འདུག

ད་ཐེངས་ཀྱི་དམག་དཔུང་དང་གོ་མཚོན་ངོམ་སྟོན་འདི་ནི་བྱང་ཀོ་རི་ཡའི་ལས་ཐོག་སྲིད་འཛིན་ཀིམ་ཇོང་ཨན་གྱིས་སླར་ཡང་རྡུལ་ཕྲན་མཚོན་ཆ་ཞིག་ཚོད་ལྟ་བྱ་རྒྱུར་བཀའ་གཏོང་སྲིད་སྐོར་ལབ་གླེང་བྱེད་བཞིན་པའི་སྐབས་ཡིན་པ་དང་། མ་ཟད་བྱང་ཀོ་རི་ཡ་དང་ཨ་རི་གཉིས་བར་ན་དམག་འཁྲུག་ཡོང་རྒྱུའི་ཐད་དངངས་འཚབ་བྱེད་བཞིན་པའི་སྐབས་ཡིན་པ་རེད།

དེ་བཞིན་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་༥ དང་། མེ་ཤུགས་འཕུར་མདའ་མང་དག་ཅིག་ཤར་གཏོང་བྱས་ཡོད་པར་བརྟེན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལས་གཞིའི་ནང་། ཨ་རིར་སླེབས་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ཆེན་པོ་ཞིག་བཟོ་བཞིན་ཡོད་པར་ངོས་འཛིན་བྱེད་མཁན་ཡང་ཡོད་འདུག

ཨ་རིའི་ཕྱོགས་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་དགོས་པའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པ་བྱང་ཀོ་རི་ཡས་མུ་མཐུད་སྣང་མེད་གཏོང་བཞིན་ཡོད་ཁར། དུས་དྲན་སྲུང་བརྩི་འདིའི་ཐོག་ལ་གོ་མཚོན་དང་དཔུང་དམག་ངོམ་སྟོན་བྱས་པའི་རྣམ་པ་དེས་ཀྱང་བྱང་ཀོ་རིའི་མ་འོངས་པའི་དམིགས་འདུན་ཐད། རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་གཞི་དེ་གལ་ཆེན་པོ་ཇི་ཙམ་དུ་གྱུར་ཡོད་མེད་གསལ་པོ་ཆགས་ཡོད་པ་རེད།

བྱང་ཀོ་རི་ཡའི་དམག་དོན་ལས་བྱེད་པ་ཆོ་རོོ་ཡོང་ཧེ་ཟེར་བས་“ང་ཚོས་དམག་འཁྲུག་ཆེན་པོ་ཞིག་ལ་དམག་འཁྲུག་ཆེན་པོ་ཞིག་གིས་ལན་སློག་རྒྱུའི་གྲ་སྒྲིག་ཨང་གསར་ཡིན་”ཞེས་དང་། “རྡུལ་ཕྲན་མཚོན་ཆའི་རྒོལ་རྡུང་གང་འདྲ་ཞིག་ཡིན་ན་ཡང་དེར་ང་རང་ཚོ་རང་གིས་སླར་ཡང་གདོང་གཏད་ནས་རྡུལ་ཕྲན་མཚོན་ཆ་གཡུག་རྒྱུའི་གྲ་སྒྲིག་ཡིན་”ཞེས་བརྗོད་ཡོད་འདུག

ཉེ་ཆར་ཨ་རིའི་ཕྱོགས་ནས་མཚོ་དམག་རྒོལ་རྡུང་རུ་ཁག་ཅིག་ཀོ་རི་ཡའི་ཕྱེད་གླིང་ཕྲན་གྱི་ཕྱོགས་སུ་བསྐྱོད་རྒྱུའི་བཀའ་བཏང་རྗེས་སུ་ཕྱོགས་གཉིས་བར་གྱི་དངངས་འཚབ་ཇེ་ཆེར་སོང་ཡོད་ཚུལ་འདུག་ལ། ཟླ་འདིའི་ཕྱི་ཚེས་༡༣ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྩོད་རྙོག་ལ་གདོང་ལེན་བྱེད་ཀྱི་ཡིན་སྐོར་དང་། གལ་ཏེ་རྒྱ་ནག་མཉམ་ཞུགས་བྱས་ན་རབ་དང་། མ་ཞུགས་ན་ཡང་ཨ་རིའི་ངོས་ནས་དཀའ་ངལ་སེལ་གྱི་ཡིན་སྐོར་བཅས་བརྗོད་ཡོད་འདུག

དེ་རྗེས་ཟླ་འདིའི་ཕྱི་ཚེས་༡༤ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་གིས་དམག་འཁྲུག་དུས་ངེས་མེད་ལ་ཡོང་སྲིད་པ་དང་། དམག་འཁྲུག་ཤོར་ན་སུ་ལ་ཡང་རྒྱལ་ཁ་མེད་སྐོར་བརྗོད་ཡོད་འདུག་པ་མ་ཟད་ཕྱོགས་སོ་སོས་ཁ་ལག་གཉིས་ཀའི་ཐོག་ནས་ཕན་ཚུན་ལ་སྡིགས་ར་སྐུལ་རྒྱུ་མཚམས་འཇོག་དང་། བསྐྱར་གསོ་ཡོང་ཐབས་བྲལ་བའི་གནས་སྟངས་མི་བཟོ་རྒྱུ་བཅས་ཀྱི་ཐོག་ལ་འབོད་སྐུལ་བྱས་ཡོད་འདུག  དོན་དུ་རྒྱ་ནག་ནི་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གི་ཕྱོགས་ནས་བྱང་ཀོ་རི་ཡའི་ད་ལྟའི་སྲིད་གཞུང་མགོ་རྟིང་སློག་དོགས་དང་རྒྱ་ནག་གི་ས་མཚམས་སུ་དཀའ་རྙོག་ཡོང་དོགས་བཅས་ལ་ཞེད་སྣང་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 602

Leave a Reply