བྱང་ཀོ་རི་ཡས་ཨ་རིའི་རང་བཙན་ཉིན་མོར་རྔན་པ་ཡིན་ཟེར།

ཉེ་ཆར་བྱང་ཀོ་རི་ཡས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་འཁྱེར་མཁན་གྱི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་ཏེ་གྲུབ་འབྲས་ཐོན་འདུག་པས། སྲིད་འཛིན་ཀེམ་ཇོང་ཨན་གྱིས་དེ་ནི་ཨ་རིའི་རང་བཙན་ཉིན་མོར་རྔན་པ་ཡིན་ཞེས་བརྗོད་ཡོད་འདུག

ཟླ་༧ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་རང་བཙན་ཉིན་མོ་སྟེ་ཟླ་༧ པའི་ཚེས་༤ ཉིན་གླིང་ཕྲན་གཞན་ལ་སྙོབ་ཐུབ་མཁན་གྱི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་ཡོད་པ་དང་། དེ་བར་སྣང་དུ་མཐོ་ཚད་ཀི་ལོ་མི་ཊར་༢༨༠༠ འཕུར་ཡོད་པ་དང་། སྐར་མ་༣༧ ནས་༤༠ བར་འཕུར་རྗེས་མེ་ཤུགས་འཕུར་མདའ་གཏོང་ཡུལ་གྱི་ས་ཚིགས་དེ་ལས་རྒྱང་ཐག་ཀི་ལོ་མི་ཊར་༩༣༠ ཡི་སར་ཡོད་པའི་མཚོ་ནང་དུ་ལྷུངས་ཡོད་འདུག དེ་བཞིན་མེ་ཤུག་འཕུར་མདའ་དེ་ཡང་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་མཁན་ཞིག་ཡིན་འདུག་པས། ཨ་རི་གཙོས་པས་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་ཀྱིས་སེམས་འཚབ་དང་སྐྱོན་བརྗོད། སྡིགས་ར་ཆེན་པོ་བྱེད་བཞིན་ཡོད་འདུག
ཟླ་༧ པའི་ཚེས་༥ ཉིན་ཨ་རིའི་དཔྱད་བརྗོད་པ་ཁག་ཅིག་གིས་བྱང་ཀོ་རི་ཡས་གླིང་ཕྲན་གཞན་ལ་སྙོབ་ཐུབ་མཁན་གྱི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཡོད་པ་དང་། དེ་ཨ་རིའི་མངའ་སྡེ་ཨ་ལ་སེ་ཀ་ལ་སྙོབ་སྲིད་སྐོར་བརྗོད་ཡོད་འདུག དེ་བཞིན་དཔྱད་བརྗོད་པ་ཁག་ཅིག་གིས། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དེར་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་ནུས་པ་ཡོད་མེད་ཐེ་ཚོམས་ཡིན་སྐོར་དང་། ཁག་ཅིག་གིས་གལ་ཏེ་བྱང་ཀོ་རི་ཡས་མུ་མཐུད་ནས་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆའི་ལས་འཆར་ལ་ཡར་རྒྱས་བཏང་ཚེ། ལོ་༥ དང་༡༠ ཡི་ནང་ལ་ཨ་རི་ལ་དྲག་རྒོལ་བྱེད་ཐུབ་མཁན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ཐུབ་པའི་ཚོད་དཔག་བྱས་ཡོད་འདུག
བྱང་ཀོ་རི་ཡས་ཁོ་ཚོར་འཛམ་གླིང་གི་ས་ཕྱོགས་གང་སར་སྙོབ་ཐུབ་མཁན་གྱི་རྡུལ་ཕྲན་ནུས་པ་ཡོད་སྐོར་དང་། སྲིད་འཛིན་ཀེམ་ཇོང་ཨན་གྱིས་ཉེ་ཆར་ཚོད་ལྟ་དེ་ནི་ཨ་རིའི་རང་བཙན་ཉིན་མོར་རྔན་པ་ཡིན་སྐོར་བརྗོད་ཡོད་འདུག གནད་དོན་དེར་རྒོལ་ལན་ཆེད་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་མི་གཉིས་ཀྱིས། ལྷོ་ཀོ་རི་ཡའི་ནང་དུ་དམག་སྦྱོང་བྱས་ནས་སྡིགས་ར་སྐུལ་ཡོད་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཀྲེ་ལེར་སོན་གྱིས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཉེན་ཁ་མེད་པ་བཟོ་ཆེད། འཛམ་གླིང་ཡོངས་ཀྱིས་རྒོལ་ལན་སློག་དགོས་པ་དང་། བྱང་ཀོ་རི་ཡར་དཔལ་འབྱོར་དང་དམག་དོན་ཐོག་མཐུན་སྦྱོར་བྱེད་མཁན་རྣམས་ཀྱིས། ཉེན་ཁ་ཆེ་བའི་སྲིད་གཞུང་ཞིག་ལ་རོགས་རམ་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཨ་རིས་མཉམ་སྦྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་བསྐོངས་ཚོགས་ཡོང་བར་འབོད་སྐུལ་བྱས་ཡོད་འདུག་པས། ཟླ་༧ པའི་ཚེས་༥ ཉིན་ཚོགས་འཆར་ཡོད་འདུག
ཨ་རི་གཙོས་པའི་མཉམ་སྦྲེལ་རྒྱལ་ཁབ་ཀྱིས། བྱང་ཀོ་རི་ཡར་དཔལ་འབྱོར་སོགས་ཀྱི་ཉེས་ཆད་གཏོང་བཞིན་ཡོད་ཀྱང་། བྱང་ཀོ་རི་ཡས་མུ་མཐུད་དུ་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའི་ཚོད་ལྟ་མུ་མཐུད་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 965

Leave a Reply