བྱང་ཀོ་རི་ཡས་ཨ་རིའི་ས་ཁྱོན་ཡོངས་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་འདུག

བྱང་ཀོ་རི་ཡས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་ནས་གྲུབ་འབྲས་ཐོན་རྗེས། དེ་ཨ་རིའི་ས་ཁྱོན་ཡོངས་ལ་སྙོབ་ཐུབ་ཀྱི་ཡོད་སྐོར་དང་དེ་ནི་རང་སྲུང་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་ཞབས་ཞུ་སྒྲུབ་ཆེད་ཡིན་སྐོར་བསྒྲགས་འདུག

ཟླ་༡༡ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གྱིས་བརྗོད་དོན་ལ། རྒྱལ་ཁབ་དེས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་ཧེ་ཝ་སོང་༡༥(Hwasong-15) ཞེས་པ་ཞིག་ཚོད་ལྟ་བྱས་ཏེ། གྲུབ་འབྲས་ཐོན་ཡོད་སྐོར་དང་། དེ་ནི་ད་བར་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདའ་ཁྲོད་ནས་ནུས་པ་ཆེ་ཤོས་ཡིན་འདུག

མེ་ཤུགས་འཕུར་མདའ་དེ་སྐར་མ་༥༣ ཡི་ནང་གནམ་ལ་མཐོ་ཚད་སྤྱི་ལེ་༤༤༧༥ དང་རྒྱང་ཐག་སྤྱི་ལེ་༩༥༠ འཕུར་ནས། ཉི་ཧོང་གི་མཚོའི་ནང་ལྷུང་ཡོད་འདུག ཨ་རི་ལ་རྟེན་གཞི་བྱས་པའི་སེམས་ཁུར་ཅན་གྱི་ཚན་རིག་པའི་ལྷན་ཚོགས་ཀྱིས། གལ་ཏེ་མེ་ཤུགས་འཕུར་མདའ་དེ་ཚད་ལྡན་གྱི་ཐལ་རྒྱུག་ཐིག་ལ་ཤར་གཏོང་བྱས་ཡོད་ཚེ། དེས་སྤྱི་ལེ་༡༣༠༠༠ ལས་མང་བ་འཕུར་སྲིད་པའི་གྲུབ་དོན་རྙེད་འདུག་པས། ཨ་རིའི་ས་ཁྱོན་གང་སར་སྙོབ་ཐུབ་རྒྱུ་ཡིན་འདུག

བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གྱིས། མེ་ཤུགས་འཕུར་མདའི་ཚོད་ལྟ་དེ་གྲུབ་འབྲས་ཐོན་རྗེས། རྒྱལ་ཁབ་ཀྱི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་སྤོབས་པ་ཆེན་པོ་ངང་ནས་བྱང་ཀོ་རི་ཡའི་དུས་ཡུན་རིང་པོའི་ནང་རྡུལ་མཚོན་གྱི་སྟོབས་ཆེན་རྒྱལ་ཁབ་ཆགས་པའི་དམིགས་ཡུལ་དེ་གྲུབ་པའི་གསལ་བསྒྲགས་བྱས་ཡོད་སྐོར་དང་། དེ་བཞིན་བརྒྱུད་ལམ་དེས་འགན་ཁུར་ཡོད་པའི་རྡུལ་མཚོན་གྱི་སྟོབས་ཆེན་རྒྱལ་ཁབ་དང་ཞི་བདེ་ལ་མོས་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། བྱང་ཀོ་རི་ཡས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་རླབས་ཆེན་གྱི་བྱ་གཞག་སྒྲུབ་རྒྱུ་ཡིན་པ། ཁོང་ཚོའི་མཚོན་ཆ་རྣམས་ནས་རྒྱ་བསྐྱེད་རིང་ལུགས་པ་ཨ་རིའི་རྡུལ་མཚོན་གྱི་སྡིགས་སྐུལ་ལ་རང་སྲུང་བྱེད་ཆེད་ཡིན་པ་དང་། བྱང་ཀོ་རི་ཡའི་ཁེ་དབང་ལ་རྩིས་མེད་མ་བྱས་ཚེ། རྒྱལ་ཁབ་སུ་གང་ལ་ཉེན་ཁ་བཟོ་རྒྱུ་མིན་སྐོར་བརྗོད་ནས། བསྒྲགས་གཏམ་དེ་དག་ནི་སེམས་པ་རྣམ་དག་ཡིན་སྐོར་བསྒྲགས་ཡོད་པ་རེད་འདུག

མེ་ཤུགས་འཕུར་མདའ་ཚོད་ལྟ་དེས་རྐྱེན་པས། མཉམ་སྦྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཛ་དྲག་གི་ཚོགས་དུ་འཚོག་རྒྱུ་ཡིན་འདུག་པ་དང་། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡར་སྐྱོན་བརྗོད་བྱས་ཏེ། ལྷོ་ཀོ་རི་ཡས་རྒོལ་ལན་དུ་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་འདུག

ཨ་རིའི་སྲིད་འཛོན་ཌོ་ནལ་ཊོམ་གྱི་སྲིད་གཞུང་གིས། བྱང་ཀོ་རི་ཡའི་རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའི་ལས་གཞི་དེ་མཚམས་འཇོག་ཡོང་ཆེད་དུ། ཉེ་ཆར་བྱང་ཀོ་རི་ཡ་དེ་འཇིགས་སྐུལ་རིང་ལུགས་པ་མཐུན་སྦྱོར་བྱེད་མཁན་གྱི་རྒྱལ་ཁབ་ཁག་གི་ཐོ་གྲངས་ནང་བཞག་སྟེ། དཔལ་འབྱོར་ཉེས་ཆད་བཏང་ཡོད་པ་དང་། དེ་བཞིན་རྒྱ་ནག་ལ་བྱང་ཀོ་རི་ཡ་དང་ཚོང་འབྲེལ་མི་བྱེད་པའི་གནོན་ཤུགས་ཀྱང་བསྟུད་མར་སྤྲད་རྐྱེན། རྒྱ་ནག་གིས་ཀྱང་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས། མཉམ་སྦྲེལ་རྒྱལ་ཁབ་ཀྱིས་ཀྱང་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་མང་པོ་ཞིག་བཏང་ཡོད་པ་རེད་དེ། བྱང་ཀོ་རི་ཡས་མུ་མཐུད་ནས་རྡུལ་མཚོན་གྱི་ལས་གཞི་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

ད་ལྟའི་ཆར་རྡུལ་མཚོན་གྱི་སྟོབས་ཆེན་རྒྱལ་ཁབ་ཁག་ནི་ཨ་རི་དང་རྒྱ་ནག ཧྤ་རན་སི། ཨུ་རུ་སུ། དབྱིན་ཡུལ་བཅས་བརྩི་བཞིན་ཡོད་པ་དང་། རྡུལ་མཚོན་ཡོད་པའི་རྒྱལ་ཁབ་ཁོངས་སུ་རྒྱ་གར་དང་བྱང་ཀོ་རི་ཡ། པ་ཀི་སེ་ཐན་བཅས་ཡིན་འདུག དེ་བཞིན་ཨི་ཛེ་རིལ་ལ་རྡུལ་མཚོན་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 557

Leave a Reply