བྱང་ཨ་རིའི་བགྲེས་སོང་ལས་འཆར་ལས་འཕྲོས་པའི་བསམ་ཚུལ།

 

      ད་ནི་ང་ཚོའི་ཕ་ཡུལ་རྒྱ་དམར་གྱིས་བཙན་འཕྲོག་བྱས་ནས་མི་ལོ་ ༥༨ འགྲོ་བཞིན་ཡོད་ཅིང་། བོད་གཞིས་བྱེས་གཉིས་སུ་གྱེས་ནས་ཁྲག་དང་མིག་ཆུའི་ལོ་ཟླ་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད། རྒྱ་དམར་གྱིས་བོད་ནང་དུ་དྲག་པོས་བཙན་འཛུལ་བྱས་པ་དང་། རིམ་གྱིས་འཇམ་རྩུབ་ཀྱིས་ལས་འགུལ་སྣ་ཚོགས་ཤིག་སྤེལ་ནས་བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་དང་བཅས་པ་མེད་པ་བཟོ་ཐབས་ཀྱི་ཐབས་ཤེས་རབ་དང་རིམ་པ་སྤེལ་གྱི་ཡོད། ཡིན་ནའང་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་གཅེས་པའི་སྲོག་དམར་འབེན་ལ་བཙུགས་ནས་རྒྱ་དམར་ལ་གདོང་ལེན་གནང་དང་གནང་བཞིན་ཡོད་པ་རེད།

རྒྱ་དམར་གྱིས་རྒྱལ་སྤྱི་མགོ་བོ་རྨོངས་ཐབས་ལ་བོད་ལ་ཡར་རྒྱས་ཚད་ལས་བརྒལ་བ་བཏང་ཡོད་ཚུལ་གྱིས་འུར་སྒྲོག་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་དོན་དག་ཡང་སྙིང་བོད་ལ་ཕྱི་དངོས་པོས་བལྟས་པ་ཡིན་ན་ཡར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡང་དོན་ངོ་མས་ཡར་རྒྱས་བཏང་བ་དང་། གཏོར་བཤིག་གཉིས་བསྡུར་བ་ཡིན་ན། བོད་མི་རིགས་ལ་རྒྱ་དམར་གྱིས་གྱོང་གུད་བཏང་བ་དེས་ཡར་རྒྱས་ཀྱི་ཁ་གསབ་བྱེད་མི་ཐུབ་པའི་གནས་སྟངས་བཟོ་ཡི་ཡོད་པ་དེ་རེད།

ད་ནི་ང་ཚོས་ས་ནག་པོ་འདོམ་ལ་འཇལ། སྤྲིན་དཀར་པོ་ཚད་ལ་བཙུགས་ནས་རེ་བ་དང་། དམིགས་ཡུལ་རླབས་ཆེན་ཞིག་འཛིན་ནས་བཙན་བྱོལ་ལ་ཡོང་བ་ཞིག་ལས། དགའ་སྐྱིད་སྤྲོ་གསུམ་ངང་ནས་བཙན་བྱོལ་ལ་ཡོང་བ་ཞིག་ག་ལ་ཡིན། ང་ཚོའི་ལུང་པ་གཞན་གྱིས་བཙན་འཕྲོག་བྱས་པའི་དབང་གིས་གཞན་ཡུལ་ལ་ཡོང་དགོས་བྱུང་བ་དེ་རེད།

དང་ཐོག་བཙན་བྱོལ་ལ་འབྱོར་དུས་ངོ་ཤེས་པ་ནི་གནམ་སྔོན་པོ་དང་ས་གཞི་སེར་པོ་ལས་གཞན་གང་ཡང་མེད་པའི་འོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པ་འཆར་གཞི་གོ་རིམ་ལྡན་པ་འཛུགས་སྐྲུན་གནང་སྟེ། རྒྱལ་ཁབ་ཡོད་པ་ལས་ལྷག་གཅིག་གཞོན་རབས་རྣམས་ལ་གནའ་དེང་གི་ཤེས་ཡོན་སྦྱོང་སའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་པ་བྱུང་ཡོད་ཅིང་། དེ་དག་ནི་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་སྐབས་དེར་བོད་མི་རྒན་གྲས་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས་ཞུམ་པ་མེད་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ནི་འགྲེལ་བརྗོད་མ་དགོས་པ་ཚང་མས་ཤེས་གསལ་རེད།

ལྷག་དོན་དུས་སྐབས་ཛ་དྲག་དེ་འདྲའི་སྐབས་ལ་ང་ཚོར་གཞན་ལ་མེད་པའི་དབུ་ཁྲིད་བླ་ན་མེད་པ་ཡོད་པའི་དབང་གིས་ད་ལྟ་ང་ཚོའི་སྒྲིག་འཛུགས་འཆར་གཞི་གོ་རིམ་ལྡན་པ་གསར་འཛུགས་ཐུབ་པ་བྱུང་བ་ཞིག་ཡིན་པར་འདོད། ད་ལྟ་ང་ཚོར་ཏོག་ཙམ་ཡོད་པ་དེ་ནི་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན་པས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ལས་ཉི་མ་ལ་རྒྱབ་གཏད། རང་ཡུལ་ལ་ངོ་ལོག་གཏན་ནས་བྱེད་མི་རུང་བ་ཞིག་ཡིན། མགོན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གང་གནང་བ་དེ་དག་ཡིད་ལ་བཟུང་ནས་ང་ཚོ་ཚང་མ་མདུན་སྐྱོད་བྱེད་དགོས།

དེ་རིང་བརྙན་འཕྲིན་བརྒྱུད་ནས་ནུབ་ཕྱོགས་ཁུལ་དུ་ཡོད་པའི་བགྲེས་སོང་རྣམས་ཀྱི་ཆེད་དུ་ལས་འགུལ་སྤེལ་བཞིན་པ་མཐོང་བ་དང་། རང་ཉིད་ཀྱི་སེམས་ནང་ལ་སྨྲ་མི་ཤེས་པའི་ཚོར་སྣང་ཟབ་མོ་སྦྱིན་བྱུང་། དེ་ཡང་རྒྱ་བལ་འབྲུག་གསུམ་ཡོད་པའི་རང་རེའི་བོད་མི་རྣམས་ནུབ་ཕྱོགས་ཁུལ་དུ་བསྐྱོད་མཁན་ལོ་རེ་བཞིན་ཇི་མང་དུ་འགྱུར་བཞིན་ཡོད་པ་དང། བུ་ཕྲུག་རྣམས་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ཆགས་པ་དང་བསྟུན་ནས་སོ་སོས་ནང་མི་ཟླ་སྒྲིལ་བྱེད་ཀྱི་ཡོད། དེ་འདྲའི་གནས་སྟངས་ཤིག་འོག་ནས་བགྲེས་སོང་ཁ་ཤས་ནུབ་ཕྱོགས་ལ་ཕེབས་ཀྱི་ཡོད་ཅིང་། འོན་ཀྱང་རྒྱ་གར་དང་ནུབ་ཕྱོགས་ཀྱི་འཚོ་བའི་གོམས་གཤིས་ལོག་ཀ་ཡིན་དུས་བགྲེས་སོང་དེ་དག་གིས་སེམས་ནང་སྨྲ་མི་ཤེས་པའི་སུན་སྣང་གི་འཚོ་བ་སྐྱེལ་དགོས་ཐུག་གི་ཡོད་པ་རེད།

རྒྱ་གར་ལྟ་བུ་ཡིན་ན་བགྲེས་སོང་རྣམས་ལ་ལས་ཀ་དེ་ཙམ་མེད་ཅིང་། གཞིས་ཆགས་ལྟ་བུ་ཡིན་ན་བགྲེས་སོང་རྣམས་སོས་དལ་གྱི་ངང་ནས་མཉམ་འཛོམས་ཀྱིས་ཁ་བརྡ་བྱེད་པ་དང་། དེ་བཞིན་དགོན་པ་སྐོར་བ་སོགས་ཀྱི་སེམས་རྣམ་གཡེང་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་ཡོད། མ་ཟད་ཕན་ཚུན་སྐད་བརྡ་མི་འཕྲོད་པའི་སེམས་ཁྲལ་ཡང་དེ་ཙམ་མེད་ཅིང་། དེ་འདྲའི་ཁོར་ཡུག་འོག་ནས་ཞི་བདེ་བག་ཕེབས་ངང་གནས་ཀྱི་ཡོད།     ནུབ་ཕྱོགས་ནི་དེ་ལས་ལྡོག་སྟེ་མི་རྣམས་བྲེལ་ཟིང་ཆེ་བ་དང་། དལ་ལྷོད་ངང་ནས་འཚོ་བ་རོལ་མཁན་ཕལ་ཆེར་དཀོན་ཙམ་ཡོད་རབས་བཤད། མི་རྣམས་འདུ་འཛི་ཁོ་ནར་འཚོ་བ་རོལ་དགོས་ཡོད་དུས། སོ་སོའི་བུ་ཕྲུག་རྣམས་ཀྱང་ཉིན་རེའི་ལས་དོན་ལ་འགྲོ་དགོས་དབང་གིས་ཕ་མ་གཅིག་པུ་ཁང་པ་ནང་དུ་སྡོད་དགོས་འཁེལ་གྱི་ཡོད་པ་རེད། གནས་སྟངས་དེ་འདྲའི་འོག་ནས་ཕ་མའི་སེམས་པ་སུན་སྣང་སྐྱེས་ཀྱི་ཡོད།

བལ་ཡུལ་ལ་གནས་སྡོད་གནང་མཁན་སྐྱེས་པ་ཞིག་གིས་སོ་སོའི་ཨ་མ་བལ་ཡུལ་ནས་ཨ་རི་ལ་ལེན་ཐུབ་ན་ཨ་རི་ལ་འཚོ་བའི་འཕྲོད་བསྟེན་སོགས་གང་ཅི་ཐད་ནས་ཡག་པོ་ཡོང་བ་དྲན་ནས་ཨ་རི་ལ་ཨ་མ་ལེན་གནང་བ་དང་། ཁོ་པ་ཉིན་ལྟར་ལས་ཀར་འགྲོ་དགོས་པ་དང་། ཨ་མ་གཅིག་པུ་ནང་ལ་སྡོད་དགོས་ཀྱི་ཡོད། གནས་སྟངས་དེ་འདྲའི་ཞིག་གིས་ལོ་ཟླ་རིམ་རྫོགས་དང་བསྟུན་ཨ་མ་དེ་སྔོན་བལ་ཡུལ་སྡོད་སྐབས་སྐད་ཆ་མང་པོ་བཤད་མཁན་ཞིག་ཡིན་མོད། ཨ་རི་ལ་སླེབས་ནས་བཟུང་སྟེ་ངོ་གདོང་གི་འཛུམ་མདངས་དེ་དག་རིམ་གྱིས་བརླག་ཅིང་། ག་དུས་ཡིན་ན་སྒེའུ་ཁུང་གི་འཁྲིས་ལ་བསྡད་ནས་ཕྱི་ལོགས་ཀྱི་ཤིང་སྡོང་ལ་བལྟས་ནས་སྡོད་ཀྱི་ཡོད། ཁོ་པས་ཨ་མའི་སེམས་ཀྱི་ཚོར་སྣང་དེ་དག་མཐོང་དུས་སྨྲ་མི་ཤེས་པའི་བློ་འགྱོད་སྐྱེས་པ་དང་འབྲེལ། ད་ཡིན་ན་ཨ་མ་འདི་འདྲ་བཞག་ན་ཁྱོན་ནས་འགྲིགས་ཀྱི་མི་འདུག ད་དུང་ས་གནས་འདི་ལ་དེ་འདྲ་བགྲེས་སོང་ཡོད་ངེས་རེེད་སྙམ་ནས་ངོ་ཤེས་དང་ཕན་ཚུན་སྐད་ཆ་བྱས་ཏེ་མཐར་བགྲེས་སོང་རྣམས་དགོན་པ་དེ་འདྲར་མཆོད་མཇལ་ལ་ཐེངས་འགའ་ཁྲིད་གནང་བས། བགྲེས་སོང་དེ་དག་གི་སེམས་ནང་གི་དགའ་སྣང་མཐོང་དུས་སྤྲོ་སྣང་ཆེན་པོ་ཞིག་སྐྱེས་ཏེ། རིམ་གྱིས་ཁོ་རང་གི་འགྲོ་སོང་བཏང་ནས་བགྲེས་སོང་རྣམས་གནས་དེར་ཡོད་པའི་དགོན་པ་དང་། གླིང་ཁར་ཁྲིད་གནང་བ་སོགས་བྱས་པ་དང་། རིམ་གྱིས་ལས་དོན་དེ་དག་འཕེལ་རྒྱས་ཀྱིས་དེང་སྐབས་ཁུལ་དེར་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་བགྲེས་སོང་རྣམས་བདུན་ཕྲག་གཅིག་ལ་ཐེངས་གཉིས་འཛོམས་པ་སོགས་ཀྱི་ལས་དོན་གནང་བར་བརྟེན་ཁུལ་དེར་ཡོད་པའི་བགྲེས་སོང་དེ་དག་ལ་བཀའ་དྲིན་ཆེན་པོ་འབྱུང་བཞིན་ཡོད་པ་རེད།

དེ་དག་ལ་ང་ཚོས་ངེས་པར་རྗེས་སུ་ཡི་རངས་ཞུ་དགོས་པ་དང་། ཞུ་འོས་པ་ཞིག་ཀྱང་རེད་སྙམ། མི་ཆོས་གཙང་མ་བཅུ་དྲུག་ལས་ཀྱང་། “ཕ་མ་ལ་དྲིན་ལན་འཇལ་བ། ཞེས་དང་། ཡང་རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ།” ཞེས་གསུང་པ་ལྟར་རང་ཉིད་ཀྱི་ཕ་མ་གཉིས་གཙོས་རྒན་པར་བཀུར་སྟི་སོགས་བྱེད་དགོས་པའི་བསླབ་བྱ་གནང་དོན་ལྟར། ཁོང་རྣམ་པ་ཚོས་ལས་དོན་དེས་ཀྱང་དེ་མཚུངས་ཕན་ཐོགས་ཆེན་པོ་དང་། གནས་དེར་ཡོད་པའི་བགྲེས་སོང་མང་པོའི་སེམས་ལ་བདེ་སྐྱིད་སྐྲུན་གནང་མཛད་བཞིན་ཡོད་པ་དེས་རླབས་ཆེན་བྱ་བ་བཟང་པོ་ཞིག་ལོས་ཡིན། ང་ཚོར་བཀའ་དྲིན་འཁོར་ཟླ་མ་མཆིས་པ་ལུས་སྦྱིན་ཕ་མ་གཉིས་ལས་གཞན་སུ་ཞིག་མེད་ན། དེར་བརྟེན་བགྲེས་སོང་རྣམས་ལ་དེ་འདྲའི་སྲི་ཞུ་བསྒྲུབ་ཐུབ་ན་དེ་ལས་ལྷག་གཅིག་གང་ཡང་མེད་སྙམ།

དེང་སྐབས་ང་ཚོ་མང་ཆེ་བའི་སོ་སོའི་ལས་ཀའི་བྲེལ་བ་ཁོ་ནར་མགོ་འཁོར་ནས་ཕ་མའི་སེམས་ཀྱི་བདེ་སྡུག་ལ་དེ་ཙམ་དོ་སྣང་མེད་པའི་སྣང་མེད་སྐབས་རེ་ཤོར་གྱི་ཡོད་ཅིང་། ང་ཚོ་གནས་འདིར་འཚོ་ཐུབ་པ་བྱུང་བ་དེ་དག་ནི་ཕ་མ་གཉིས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་ན། ཕ་མའི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ་ཞིག་ཡིན་པ་དེ་རེད།

དུས་དབང་སྐབས་ཨ་རི་ནས་ཡོང་མཁན་བགྲེས་སོང་དེ་འདྲ་དངོས་སུ་ཐུག་བྱུང་བས། ཁོང་རྣམ་པ་ཚོས་ཀྱང་ང་ཚོ་བྱང་ཨ་རི་ཁུལ་ལ་རྒན་འཁོགས་ཡི་གེ་མི་ཤེས་མཁན་ཚོར་ཡི་གེ་སྦྱོང་འདོད་ཡོད་ན་ཡི་གེ་སློབ་པ་དང་། དེ་བཞིན་ནང་ཆོས་ངོ་སྤྲོད་གནང་བ། སྐབས་རེ་གླིང་ཁར་ཁྲིད་གནང་བ་སོགས་ཀྱི་ཁོང་རྣམ་པ་ང་ཚོར་དཔེ་མི་སྲིད་བཀའ་དྲིན་དང་ཕན་ཐོགས་རླབས་ཆེན་ཡོང་གི་འདུག་ཚུལ་སོགས་ཀྱི་དགའ་བའི་རྣམ་གྱུར་དང་བཅས་གསུང་གི་འདུག་ཀྱང་། སྐབས་དེར་ཡག་པོ་རེད་སྙམ་པ་ལས་དེ་ཙམ་དོ་སྣང་མ་བྱུང་། ད་སྐབས་དངོས་སུ་བརྙན་འཕྲིན་ནང་ལས་དོན་དེ་དག་མཐོང་ཡོང་དུས་”ཐོས་པ་བརྒྱ་ལས་མཐོང་བ་གཅིག་ལྷག་”ཅེས་པའི་དཔེ་ལྟར་དེ་སྔོན་ཨ་རི་ནས་ཕེབས་པའི་བགྲེས་སོང་དེས་གསུངས་པ་རྣམས་ཡིད་ལ་འཁོར་ནས་སོ་སོའི་སེམས་ནང་ལའང་སྤྱི་ཚོགས་ཞབས་ཞུ་དེ་ལས་ལྷག་པ་གང་ཞིག་ཡོད་སྙམ་པའི་ཚོར་སྣང་ཟབ་མོ་སྦྱིན་བྱུང་།

དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་བྱང་ཨ་རི་གནས་བཞུགས་དང་བླངས་པ་འགའ་ཤས་ཀྱིས་བྱང་ཨ་རིའི་ཧི་མ་ལ་ཡའི་རྒན་རབས་ཀྱི་ལས་འཆར་ཞེས་བརྗོད་གཞི་ཐོག་ལ་གླེང་མོལ་གནང་སོང་ཞིང་། བྱང་ཨ་རི་ལ་འབྱོར་བའི་བགྲེས་སོང་རྣམ་ལ་ལྟ་རྟོགས་ག་འདྲ་གནང་གི་ཡོད་མེད་དང་། དང་ཐོག་ཚོགས་པ་དེ་རྒྱུ་རྐྱེན་དང་། དམིགས་ཡུལ་ག་འདྲ་ཞིག་གི་འོག་ནས་བཙུགས་པ་དང་། དེ་ནས་བྱང་ཨ་རིའི་ཁུལ་དུ་འབྱོར་བའི་བགྲེས་སོང་རྣམ་ལ་ལྟ་རྟོགས་གང་འདྲ་ཞིག་གནང་གི་ཡོད་པ་སོགས་ཀྱི་སྐོར་གོ་བ་དང་དཔེ་མི་སྲིད་པའི་སེམས་ནང་ལ་རླབས་ཆེན་གྱི་ལས་དོན་ཞིག་ཡིན་པ་རྟོགས་རྗེས་སེམས་ནང་ལ་སྤྲོ་སྣང་ཞིག་ཀྱང་སྦྱིན་བྱུང་། ལས་དོན་གནང་མཁན་དེ་དག་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ད་དུང་མུ་མཐུད་ལས་དོན་རླབས་ཆེན་དེ་དག་རྒྱུན་འཁྱོང་ཡོང་བའི་སྨོན་འདུན་དང་བཅས།

ལྷག་པར་རང་རིགས་རྒན་གཞོན་བར་གསུམ་གོ་སྐབས་ཤར་ཚེ་ནུབ་ཕྱོགས་ཁུལ་ལ་བོད་མི་མཐོ་འབྲིང་དམའ་གསུམ་ལོ་རེ་བཞིན་བསྐྱོད་མཁན་ཇི་མང་དུ་འགྱུར་གྱི་ཡོད་ན། ནུབ་ཕྱོགས་ཁུལ་དུ་བོད་མིའི་མི་འབོར་ཆེན་པོ་ཆགས་ངེས་ལ་སོང་། ང་ཚོའི་མ་འོངས་པའི་སོན་རྩ་དེ་དག་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་མི་ཉམས་པ་ཆེད་དུ་དམིགས་ནས་སློབ་ཁང་འདི་འདྲ་མ་འོངས་པ་འཛུགས་ཐུབ་ཐབས་གནང་དགོས་པ་དེ་ནི་ལས་དོན་གལ་ཆེ་ཞིག་རེད་སྙམ། དེ་འདྲ་ཞིག་གནང་ཐུབ་ཚེ་ནུབ་ཕྱོགས་ལ་ཡོད་མཁན་གྱི་ན་གཞོན་རྣམས་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་མི་ཉམས་པར་ཕན་ཐོགས་ཡོང་ངེས་སྙམ། ང་ཚོའི་ཆུ་མོ་བབ་དང་བསྟུན་ནས། ཀོ་རྐྱལ་རྒྱལ་ལུགས་བྱེད་དགོས་ཞེས་པ་ལྟར་གལ་ཆེན་པོ་རེད་སྙམ། ཡང་འགའ་ཤས་ཀྱིས་དེ་ནི་བྱེད་མི་ཐུབ་པའི་གནད་དོན་ཞིག་རེད་སྙམ་པའི་དགོངས་པ་འཁོར་སྲིད་ཀྱང་ངེས་པར་དུ་ང་ཚོའི་འབད་བརྩོན་གནང་དགོས་རྒྱུ་དེ་ནི་ང་ཚོའི་གལ་ཆེ་རང་བཞིན་ཅན་གྱི་ལས་འགན་ཞིག་ཏུ་མཐོང་།

ང་ཚོས་མ་གནང་ཚེ་མ་འོངས་པར་རང་རེའི་ནུབ་ཕྱོགས་ཁུལ་དུ་ཡོད་མཁན་ན་གཞོན་རྣམས་ལ་བོད་མི་རིགས་ཀྱི་ཁྱད་ཆོས་དྲི་མ་ཙམ་ཡང་མེད་མཁན་གྱི་ན་གཞོན་ཁྱུ་ཚོགས་ཤིག་ཏུ་འགྱུར་ཚེ་དེ་ལས་ཡིད་ཕམ་ཆེ་བ་ཞིག་ག་ལ་ཡོད། ད་སྐབས་ནས་”ཆུ་མ་བྱུང་གོང་ནས་རགས་དང་། རྐྱེན་མ་བྱུང་གོང་ནས་བཟློག་པ་དགོས་”ཞེས་པ་ལྟར། ང་ཚོས་སྔོན་ཚུད་ནས་གྲ་སྒྲིག་གནང་དགོས་པ་སེམས། ང་ཚོས་ག་དུས་ཡིན་ན་”རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ས་བསྐྱོན་”ནས་ལས་དོན་གནང་དགོས་པ་དེ་ནི་གལ་ཆེ་ཡིན་པ་ལྟར། ནུབ་ཕྱོགས་ལ་ལོ་རེ་བཞིན་གོ་སྐབས་སྣ་ཚོགས་ཤིག་བརྒྱུད་དེ་འགྲོ་མཁན་ཇི་མང་དུ་འགྱུར་བཞིན་ཡོད། མ་འོངས་པ་དེ་དག་ནི་སུ་ཞིག་གིས་འགོག་མི་ཐུབ་པའི་གནད་དོན་ཞིག་ཡིན་དུས་རང་གཞུང་གིས་ངོས་ནས་ཀྱང་དེ་ལུགས་ཀྱི་དགོངས་པ་བཞེས་དགོས་པའི་དུས་ལ་བབ་འདུག་སྙམ།

གང་ལྟར་ཐབས་ལམ་འདྲ་མིན་བརྒྱུད་དེ་ནུབ་ཕྱོགས་ལ་སློབ་གྲྭ་འཛུགས་ཐབས་ལ་འབད་བརྩོན་གནང་དགོས་པ་ཞིག་ཏུ་མཐོང་ལ། ད་སྐབས་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལས་ང་ཚོར་ལ་གོ་སྐབས་བཟང་པོ་ཞིག་ཡོད་པས། གོ་སྐབས་དེ་དག་དམ་འཛིན་གནང་སྟེ་དུས་ཚོད་ཆུད་གཟོན་མི་འགྲོ་བར་ངེས་པར་རྣམ་རིག་སྒྲིམ་ནས་ལས་དོན་འགོ་བཙུགས་ཐུབ་ཚེ་ང་ཚོར་གོ་སྐབས་བཟང་པོ་ཡོད་པས་འབྲེལ་ཡོད་རྣམ་པས་དེ་རིགས་ལ་དགོངས་པ་བཞེས་བཞིན་ཡོད་ཤག་ཀྱང་ངེས་པར་རྣམ་པ་ཚོས་དགོངས་པ་བཞེས་པའི་དུས་ལ་བབ་པ་ཞིག་ཏུ་མཐོང་། ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་སྤྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༧ ཉིན་མོར་ཕུལ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 224

Leave a Reply