བྱམས་བརྩེ་ནི་རང་གཞན་ཀུན་མཐུན་པའི་རྒྱུ་ཡིན་ཞེས་གསུངས་འདུག

ཁྱེད་ལ་ཉམས་མྱོང་གང་བྱུང་བ་དེས་ཁྱེད་ཀྱི་མི་ཚེར་འགྱུར་བ་བཏང་ཡོད།  ཁོང་ཁྲོ་ཟ་རྒྱུའི་ཚབ་ཏུ་བྱམས་བརྩེའི་བློ་སྐྱེས་པ་དེ་ནི་ངོ་མཚར་ལྡན་པ་ཞིག་རེད།  བྱམས་བརྩེ་ནི་རང་གཞན་ཀུན་མཐུན་པའི་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༡༠ ཉིན་བྱང་ཕྱོགས་ཨ་ཡིར་ལེནྜ་མངའ་ཁུལ་གྱི་རྒྱལ་ས་ཌེ་རི་ནང་དུ། སྐུ་ཞབས་རི་ཆར་ཌི་མོར་ནས་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པ་ཞེས་པ་བཙུགས་ནས་ལོ་ངོ་༢༠ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་བརྩལ་ཡོད་འདུག

མཛད་སྒོའི་སྐབས་ཚོགས་བཅར་བ་མི་༡༠༠༠ ལྷག་འདུ་འཛོམས་བྱུང་བ་རྣམས་ལ་སྐུ་ཞབས་རི་ཆར་ཌི་མོར་གྱིས་ཐོག་མར་༧གོང་ས་མཆོག་ངོ་སྤྲོད་དང་འབྲེལ་“༧གོང་ས་མཆོག་ནས་ལག་ལེན་མེད་པའི་ཁ་བཤད་ཀྱི་བྱམས་བརྩེ་རྐྱང་པས་འདང་གི་མེད་སྐོར་བཀའ་སློབ་སྩོལ་བཞིན་ཡོད།   འདིར་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པས་ད་བར་འབད་བརྩོན་གནང་འབྲས་སུ་ཕྲུ་གུ་མང་པོ་ཞིག་ལ་ཟས་གོས་གནས་མལ་ཙམ་མ་ཟད།  ཤེས་ཡོན་གྱི་གོ་སྐབས་སྤྲོད་བཞིན་ཡོད་”ཅེས་སོགས་གསུངས་ཡོད་འདུག
དེ་རྗེས་༧གོང་ས་མཆོག་གིས་“གུས་བཀུར་འོས་པའི་མཛའ་གྲོགས་ཁྱེད་ནི་ངོས་ཀྱི་དཔའ་བོ་ཡིན་ཞེས་ངོས་ཀྱིས་རྒྱུན་དུ་འབོད་བཞིན་ཡོད།  ངོས་རང་ཐོག་མར་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཐོས་སྐབས་སེམས་འགུལ་ཤུགས་ཆེན་ཐེབས་བྱུང་།  ངོས་ཀྱིས་རྒྱུན་དུ་ཁ་ནས་བྱམས་བརྩེ་བཤད་པ་ཙམ་ལས་ཉམས་མྱོང་ཐོག་ནས་ཁྱེད་ལྟར་བྱེད་ཐུབ་ཨེ་ཡོང་བསམ་པ་དྲན་བཞིན་འདུག  ཁྱེད་ཀྱིས་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པ་བཙུགས་ནས་ཕྱག་ལས་དེ་འདྲ་གནང་བཞིན་པ་དེས་སྙིང་སྟོབས་ཇི་ཙམ་ཡོད་པ་གསལ་སྟོན་གནང་ཡོད།ཁྱེད་ལ་ཉམས་མྱོང་གང་བྱུང་བ་དེས་ཁྱེད་ཀྱི་མི་ཚེར་འགྱུར་བ་བཏང་ཡོད།  ཁོང་ཁྲོ་ཟ་རྒྱུའི་ཚབ་ཏུ་བྱམས་བརྩེའི་བློ་སྐྱེས་པ་དེ་ནི་ངོ་མཚར་ལྡན་པ་ཞིག་རེད།  བྱམས་བརྩེ་ནི་རང་གཞན་ཀུན་མཐུན་པའི་རྒྱུ་ཡིན། ཚན་རིག་པས་ཀྱང་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་ཐུབ་ཡོད།  ཁོང་ཁྲོ་ཟ་ན་ལུས་པོའི་འཕྲོད་བསྟེན་ཡག་ཏུ་འགྲོ་རྒྱུ་རེད་ཅེས་སྨན་པ་སུས་ཀྱང་བརྗོད་ཀྱི་མ་རེད།འཚེ་བས་ཞི་བདེ་བསྐྲུན་མི་ཐུབ། མིའི་དཀའ་ངལ་དེ་དག་མིའི་འདུ་ཤེས་གཞི་རྩར་བཟུང་ནས་སེལ་དགོས་པ་ཞིག་ཡིན་སྟབས་ཕན་ཚུན་གུས་བརྩི་ལྡན་པའི་ཐོག་ནས་གྲོས་མོལ་བརྒྱུད་དཀའ་ངལ་སེལ་ཏེ་ཞི་བདེ་བསྐྲུན་ཐབས་བྱེད་དགོས།”ཞེས་གསུངས་ཡོད་འདུག
དེ་བཞིན་༧གོང་ས་མཆོག་གིས་མུ་མཐུད་“ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྗོད་ཞུ་མཁན་ཞིག་ཡིན།  རྒྱལ་ཁབ་བྱེ་བྲག་པའི་བསམ་བློ་ལས་སྤྱིའི་ཁེ་ཕན་གལ་ཆེ་བར་བཟུང་ནས་སྤྱི་པའི་སྒྲིག་འཛུགས་དེ་བྱུང་བ་རེད། ཕྱོགས་གཞན་ནས་ཨ་རི་བ་ཚོ་གལ་ཆེ་ཤོས་ཡིན་ཞེས་པའི་འབོད་སྒྲ་དེ་དང་།   པེ་རི་སིར་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐོག་གྲོས་ཆོད་བཞག་པ་དེ་ནས་ཨ་རི་ཕྱིར་འཐེན་གནང་བ་དེར་ངོས་ལ་བསམ་ཚུལ་ཕྲན་བུ་ཡོད། ཉེ་ལམ་རང་བྱུང་གོད་ཆག་ཚབས་ཆེ་བྱུང་དང་འབྱུང་བཞིན་པ་དེ་དག་གིས་ང་ཚོར་བརྡ་ལན་ཞིག་གཏོང་བཞིན་ཡོད།  གལ་ཏེ་ངོས་ཀྱིས་བཤད་པ་འདིར་ནོར་འཁྲུལ་འདུག་ན་དགོངས་སེལ་ཞུ་རྒྱུ་ཡིན།”ཞེས་བཀའ་སློབ་བསྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་གནང་ཡོད་འདུག་པ་མ་ཟད། ཚོགས་པས་གོ་སྒྲིག་ཞུས་པའི་བསམ་བློའི་སློབ་གསོ་‘Educating the Heart’  ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 116

Leave a Reply