བྱུས་འགོད་པ་དང་གདོང་མཆོང་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༤   ཕྱི་ལོ་ ༢༠༡༧/༡༡ /༢༢   

ད་ལན་བོད་པའི་སྤྱི་ཚོགས་ཀྱི་དངོས་དང་ཟུར་དུ་དུས་རྒྱུན་མཐོང་རྒྱུ་ཡོད་པའི་གནས་ཚུལ་ཞིག་གི་སྐོར་ལ་ཟུར་ཙམ་བརྗོད་འདོད་བྱུང་། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དུས་རྒྱུན་རྩོད་རྙོག་ཆུང་ཙག་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་དང་། རྩོད་རྙོག་དེ་དག་གི་གཙོ་བོ་དང་དེའི་རྒྱབ་ཀྱི་བྱུས་འགོད་པ། རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་གདོང་མཆོང་བྱེད་མཁན་ཡང་གང་མང་ཞིག་ཡོང་གི་ཡོད། རྩོད་རྙོག་དེ་དང་འབྲེལ་བའི་ཁེ་བཟང་ཞིག་ཡོད་པའི་དབང་དུ་བཏང་ན་གཙོ་བོའི་མི་སྣ་དང་། དེའི་རྒྱབ་ཀྱི་བྱུས་འགོད་པ་དག་ལ་ཡོད་པ་ལས་གདོང་མཆོང་པ་དག་ལ་དུས་རྒྱུན་ཁེ་ཕན་སྣ་གཅིག་རག་གི་མེད་པ་མ་ཟད། རྗེས་མ་རྩོད་རྙོག་དེ་དག་ཆེ་རུ་གཏོང་མཁན་དང་དཀྲོག་རྐྱེན་བཟོ་མཁན་ཡིན་པའི་མིང་ཤས་ཀྱང་རག་མཁན་ཇི་སྙེད་ཅིག་ཡོད། དེར་བརྟེན་རྩོད་རྙོག་གང་དང་གང་ཡིན་ཡང་དེའི་རྐྱེན་རྩ་གཙོ་བོ་རང་ཉིད་ལ་ཐུག་ཡོད་ན་རྩོད་རྙོག་ལ་མི་དགའ་ཡང་གཡོལ་ཐབས་མེད་མོད། མི་གཞན་གྱི་རྩོད་རྙོག་གི་ཆེད་དུ་རང་ཉིད་བློས་གཏོང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། དེར་བརྟེན་གནད་དོན་འདིའི་ཐོག་ནས་བཙན་བྱོལ་བོད་མི་དཀྱུས་མ་མང་པོ་ཞིག་ལ་ཧ་མི་གོ་བའི་ཐོག་ནས་རང་བཞིན་གྱིས་དཀའ་ངལ་མང་པོ་ཡོད།

སྔོན་མ་ཡིན་ན་ཚོགས་འདུའི་ནང་དུ་ངར་ངར་ཤོར་ཤོར་བྱེད་མཁན་མང་པོ་ཡོད་ཀྱང་། དེ་དག་གི་ནང་དུ་དོན་གྱིས་མདུན་དུ་ཐོན་མཁན་ཧ་ཅང་དཀོན་པོ་ཡིན། ཚོགས་འདུའི་ནང་ཤོད་མཁན་མ་ཡིན་པའི་ཉན་མཁན་དག་གི་ནང་ནས་མང་པོ་ཞིག་མདུན་དུ་ངར་ནས་ཤོར་ཡོང་གི་ཡོད། དཔེར་ན་དོལ་རྒྱལ་ཁ་འཁྱེར་བ་དག་གི་ནང་རྒྱབ་ཕྱོགས་ནས་བྱུས་འགོད་གཙོ་བོ་བྱེད་མཁན་གངས་ཅན་རྒྱ་བོ་ཟེར་བ་དང་། དགེ་བཤེས་སྐལ་བཟང་རྒྱ་མཚོ་ཟེར་བ། ང་བླ་མ་ཟེར་བ་སོགས་ནི་དུས་རྒྱུན་མི་མང་གི་མདུན་དུ་ཐོན་ནས་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་མཐོང་རྒྱུ་གཏན་ནས་མེད་པ་ལྟ་བུ་ཡིན་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མདུན་དུ་ཐོན་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་ནི། དོལ་ཚོགས་ཀྱི་ནང་ནས་ཁེ་བཟང་ཆུང་ཤོས་ལས་མེད་མཁན་དག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། གལ་སྲིད་དོལ་རྒྱལ་ཁ་འཁྱེར་བ་དག་ལ་རྒྱ་གཞུང་གིས་ཁེ་ཕན་ཞིག་སྤྲོད་ཀྱི་ཡོད་ན། དེ་ནི་གཙོ་བོ་རྒྱབ་ཀྱི་བྱུས་འགོད་པ་དག་ལ་རག་པ་ལས་གདོང་མཆོང་པ་དག་ལ་རྒྱ་ཆེན་པོ་ཞིག་གང་ཡང་རག་གི་མེད་ངེས་རེད། དེར་བརྟེན་གནས་སྟངས་འདི་ལྟ་བུའི་ཐོག་ནས་གདོང་མཆོང་པ་དག་ནི་རྒྱབ་ཀྱི་བྱུས་འགོད་པ་རྣམས་ཀྱི་ལག་ཆ་ཙམ་ལས་གང་ཡང་མིན།

དཔེར་ན་སྔོན་མ་ཕྱི་ལོ་༢༠༠༨ ལོར་དོལ་ཚོགས་ཀྱི་ནང་དུ་ཅུང་སྐད་གྲགས་ཡོད་པའི་མི་རེ་ཟུང་ཐོག་མ་གྲྭ་ཚང་དང་ཁ་བྲལ་ནས་སོང་བ་དང་། དེ་ལ་ཁ་རྡུང་གཏོང་མཁན་གང་མང་བྱུང་ཡང་། ཟླ་ཤས་རྗེས་བསྐྱར་དུ་འཁོར་མང་པོ་ཁྲིད་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱ་རྒྱུའི་ཁས་ལེན་དང་འབྲེལ་གྲྭ་ཚང་དུ་ཞུགས་པར་བརྟེན། མཐོ་སྐུ་སྒེར་ཡིག་ཚང་ནས་གདན་ས་གྲྭ་ཚང་གི་གཅེས་ཕྲུག་ཏུ་གྱུར་ཡོད། སྔོན་མ་ཁ་རྡུང་གཏོང་མཁན་དག་ནི་རང་འཇགས་ལས་དམིགས་བསལ་གང་ཡང་མེད་པ་ལྟ་བུ་རེད། དེ་བཞིན་རྩོད་རྙོག་ཅིག་འགྲོ་བཞིན་པའི་སྐབས་སུ་ཕྱོགས་ཚང་མ་ནས་འུར་འུར་ཟིང་ཟིང་གི་རྣམ་པ་ཡོད་ཀྱང་། རྩོད་རྙོག་དེ་ཐག་གཅོད་བྱེད་སྐབས་གཙོ་བོའི་མི་སྣའམ། རྒྱབ་ཀྱི་བྱུས་འགོད་པ་རྣམས་ལ་དོ་སྣང་བྱེད་པ་ལས། གདོང་མཆོང་པ་དག་ལ་དོ་སྣང་གང་ཡང་མི་བྱེད། རྩོད་རྙོག་དེ་ཐག་གཅོད་དང་གཙང་སེལ་བྱུང་ཟིན་པའི་དབང་དུ་བཏང་ཡང་། ཕྱོགས་གཉིས་ཀའི་གདོང་མཆོང་པ་དག་གིས་ཕན་ཚུན་ཨམ་གཙིགས་སྡོམ་རེས་བྱེད་པ་ལས་འགྲིག་འཇགས་མ་བྱུང་བའི་དཔེ་མཚོན་མང་པོ་ཡོད།

ད་ལྟ་སྲིད་སྐྱོང་དང་བཀའ་ཤག་ལ་ངོ་རྒོལ་བྱེད་དགོས་པ་དང་། ཁ་ཤས་ཀྱིས་“སྟོད་”དགའ་ལྡན་ཕོ་བྲང་ལའང་ངོ་ལོག་རྒྱག་དགོས་ཞེས་དྲ་ལམ་ཁག་ཏུ་སྐད་ཤུགས་ཆེན་པོ་ཤོད་མཁན་ཡོད་ཀྱང་། གོང་དུ་དཔེ་མཚོན་དྲངས་པ་བཞིན་དོན་དུ་གདོང་མཆོང་པ་ནི། དྲ་ལམ་དུ་སྐད་ཤུགས་ཆེན་པོ་ཤོད་མཁན་དག་མ་ཡིན་པར་སྐད་ཆ་དེ་དག་ལ་ཉན་མཁན་ཁག་ཅིག་ཡིན་ངེས་རེད། འདས་པའི་ལོ་རྒྱུས་ནང་དུའང་དེ་ལྟ་བུའི་དཔེ་མཚོན་ཧ་ཅང་མང་པོ་བྱུང་ཡོད། དེར་བརྟེན་མི་མང་གི་ངོས་ནས་ཀྱང་རང་ཉིད་ཀྱི་བྱེད་སྟངས་ལ་ངོས་འཛིན་གསལ་པོ་དང་། བརྟག་དཔྱད་ཡག་པོ་ཞིག་བྱེད་མ་ཐུབ་ན་དོན་དུ་རང་ཉིད་ལ་མཐོང་ཆུང་བྱས་པ་དང་ཁྱད་པར་གང་ཡང་མེད། དོལ་རྒྱལ་ཁ་འཁྱེར་བ་རྣམས་ལ་མཚོན་ནའང་གོང་དུ་བརྗོད་པ་བཞིན་༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་ན་ཚེ་འདི་ཕྱི་གཉིས་ལ་གནོད་པ་སྨྲོས་མི་དགོས་ནའང་། རྒྱབ་ཀྱི་བྱུས་འགོད་པ་དག་གིས་སྐད་ཆ་སྙན་པོ་ཤོད་པ་ལས་མདུན་དུ་ཐོན་མཁན་གཏན་ནས་མིན། དེར་བརྟེན་རང་ཉིད་མི་གཞན་གྱི་ལག་ཆ་དུས་ནམ་ཡང་མ་ཆགས་པ་ཞིག་བྱེད་དགོས་སྙམ།

མདོར་ན་བསྡུས་ན་ཆབ་སྲིད་ཀྱི་རྩེད་མོ་རྩེ་མཁན་མང་པོ་ཡོད་པ་དང་། དེ་ལ་ཚོར་སྣང་དང་ཞེན་ཁོག་གི་ཐོག་ནས་མདུན་མཆོང་བྱེད་མཁན་མང་པོ་ཡོད་པ་ནི། བོད་པ་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟ་བུར་གྱུར་ཡོད་ནའང་། དེ་ལ་བརྟེན་ནས་ཚོར་བ་དང་ཞེན་ཁོག་ཙམ་མ་ཡིན་པར་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་པའི་སྐབས་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་མཆམ་མཐུན་གྱི་ཆེད་དང་། ཕྱོགས་གཅིག་ནས་རང་ཉིད་ལ་རང་ཉིད་ཀྱིས་ཆེ་མཐོང་དང་གདེང་འཇོག་མ་བྱས་ན། མི་གཞན་དག་གིས་རང་ཉིད་བེད་སྤྱོད་བྱེད་ངེས་སུ་གྱུར་ཡོད། གནས་སྟངས་འདི་དག་གི་ཐོག་ནས་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་ནལ་མ་སོན་པའི་བྱིས་པ་སྣབས་ལུག་ཅིག་དང་ཁྱད་པར་གང་ཡང་མེད་པ་དང་། གནས་ལུགས་རྒྱུ་མཚན་དང་འབྲེལ་བ་མེད་པར་རང་ཉིད་དང་འབྲེལ་བ་ཡོད་མེད་ཙམ་དུ་གྱུར་ཡོད་པས། གནས་སྟངས་འདི་ཉིད་མུ་མཐུད་ན་བཙན་བྱོལ་སྤྱི་ཚོགས་ལ་རེ་བ་དང་མདུན་ལམ་གང་ཡང་མེད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 87

Leave a Reply