བླ་རུང་སྒར་ཆུ་ག་གོན་བཞིན་དུམ་བུར་བཏང་ཡོད་འདུག

བླ་རུང་སྒར་གཏོར་བཤིག་སྐབས་བཙུན་མ་ཚོའི་བཞུགས་ཤག་མང་བ་གཏོར་བཤིག་བཏང་ཡོད་འདུག་ཅིང་། གཏོར་བཤིག་གཏོང་མས་སུ་ད་ལྟ་སྒར་གྱི་མཐའ་ནས་རི་རྩེ་བར་དུ་སྐས་ལམ་ཆེན་པོ་བཅུ་ལྷག་དང་། སྒར་གཞུང་དུའང་འཕྲེད་ལམ་མང་པོ་འཛུགས་སྐྲུན་བྱས་ནས་ད་ལྟ་བླ་རུང་སྒར་ཆུ་ག་གོན་བཞིན་དུམ་བུར་བཏང་ཡོད་འདུག་པ་མ་ཟད། ཁང་པ་ཆེན་པོ་མང་པོ་གསར་རྒྱག་དང་ཕྱི་རྒྱལ་དང་ཡུ་གུར་བ་ལ་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ དང་སྐར་མ་༣༠ ཐོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། གསེར་རྟ་བླ་རུང་སྒར་གྱི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་། སྐབས་དེར་བླ་རུང་སྒར་ཆ་ཚང་བའི་ཡུལ་ལྗོངས་ལས་གཏོར་བཤིག་དང་འཛུགས་སྐྲུན་གྱི་རྣམ་པ་མངོན་པའི་ཉེ་དུས་སུ་འབྱོར་བའི་བརྙན་ཐུང་ཁག་གསུམ་དང་། པར་རིས་མང་པོ་བསྟན་སོང་ལ། དེ་བཞིན་ད་ལྟའི་སྐབས་སུ་བླ་རུང་སྒར་དུ་རྒྱ་གཞུང་གིས་དམ་དྲག་དང་། གཏོར་བཤིག འཛུགས་སྐྲུན་ག་རེ་བྱེད་ཀྱི་ཡོད་མིན་སོགས་ཀྱི་གནས་སྟངས་ཀྱི་སྐོར་ལ་གསུངས་སོང་།

བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཚོའི་བཞུགས་ཤག་རྣམས་གཏོར་མས་སུ། སྒར་གྱི་དཀྱིལ་ནས་རི་མགོར་ཁེལ་བའི་མཐའི་བར་སྐས་འཛེགས་རིང་པོ་མི་ཊར་༡༠༠ ལྷག་ཡོད་པ་༡༠ ལས་མང་བ་དང་། འཕྲེད་ལམ་མང་པོ་གསར་དུ་འཛུགས་སྐྲུན་བྱས་ནས་ཆོས་སྒར་ཆེན་མོ་དུམ་བུ་རུ་བཏང་ཡོད་འདུག་ཅིང་། ས་གནས་རྒྱ་གཞུང་གི་ལས་བྱེད་པས་དེ་ནི་མེ་སྐྱོན་བྱུང་ཚེ་མེ་རྒྱ་ཁྱབ་ཏུ་མི་འགྲོ་བའི་ཆེད་དུ་ཡིན་པར་ཁ་གཡར་ནས་བརྗོད་ཡོད་འདུག་ཀྱང་། དོན་དངོས་སུ་སྒར་གྱི་མཚན་སྙན་ཇེ་ཆེར་སོང་སྟེ་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ནང་ཆོས་དོན་གཉེར་བ་མང་པོ་ཕེབས་ཀྱི་ཡོད་སྟབས་རྒྱ་གཞུང་གིས་སྟངས་འཛིན་བྱེད་བདེ་རུ་འགྲོ་ཕྱིར་དང་། ཡུལ་སྐོར་སྤྲོ་འཆམ་པ་ཚོ་སྒར་གྱི་མཐའ་འཁོར་དུ་གྱུར་པའི་རི་རྩེར་འགྲོ་བདེ་ཕྱིར་ཡིན་པ་ལས། མེ་སྐྱོན་རྒྱ་ཁྱབ་ཏུ་མི་འགྲོ་བའི་ཆེད་ཡིན་ཚེ་སྐས་ལམ་གྱི་གཡས་གཡོན་དུ་ས་སྟོང་ཆེན་པོ་འཇོག་དགོས་དོན་མེད་པ་ལས་མཐོང་ཐུབ་སྐོར་དེར་ཡོད་ཀྱི་བོད་མི་དང་། རྒྱ་མི་ནང་ཆོས་དོན་གཉེར་བ་ཚོས་བཤད་ཀྱིན་ཡོད་སྐོར་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚེ་རིང་མཚོ་མོས་བརྗོད་པ་ལྟར་ན། བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བའི་དུས་ཡུན་དེ་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༧ ནས་འདི་ལོའི་ཕྱི་ཟླ་༤ པའི་བར་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། གནས་ཚུལ་གསར་པ་འབྱོར་བར་གཞིགས་ན་འདི་ལོའི་ཕྱི་ཟླ་༥ པའི་བར་བསྟུད་མར་གཏོར་བཤིག་བཏང་ནས་མཚམས་བཞག་མེད་པ་རེད། ད་ཐེངས་ཀྱི་གནས་ཚུལ་ལས་གཏོར་བཤིག་གང་དུ་བཏང་ཡོད་མེད་དང་། འཛུགས་སྐྲུན་ག་རེ་བྱེད་ཀྱི་ཡོད་མེད་གསལ་པོ་ཆགས་ཡོད་པ་རེད་འདུག

གནས་ཚུལ་མཁོ་སྒྲུབ་བྱེད་མཁན་བོད་རང་ལ་བཞུགས་མཁན་སྐྱ་སེར་གཉིས་ཀ་ལས་གྲུབ་པའི་མི་བཞི་ལྔ་ཙམ་ཡོད་འདུག་ཅིང་། ཁོང་ཚོ་གསང་བའི་སྒོ་ནས་འདི་ལོའི་ཕྱི་ཟླ་༧ པའི་ནང་ག་ས་གང་དུ་ཕེབས་ནས་གནས་ཚུལ་མཁོ་སྒྲུབ་བྱས་ཏེ། ཟླ་མཇུག་ཏུ་འདི་གར་བཏང་འབྱོར་བྱུང་ཡོད་འདུག་ཅིང་། གནས་ཚུལ་མཁོ་སྒྲུབ་བྱེད་སྐབས་དམ་དྲག་ཧ་ཅང་ཆེན་པོ་ཡོད་སྟབས་སྐད་ཆ་ཚང་མ་གུ་ཡངས་པོ་བྱས་ནས་བཤད་རྒྱུ་རག་མེད་འདུག་ཀྱང་། མཁོ་སྒྲུབ་བྱེད་མཁན་གྱི་ཁོངས་ནས་མི་༢ ཀྱིས་རྒྱ་སྐད་ཡག་པོ་ཤེས་ཀྱི་ཡོད་སྟབས་རྒྱ་མི་ཨར་ལས་པ་དང་ཡང་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་འདུག དེ་སྔོན་རྩ་གཏོར་བཏང་བའི་གྲྭ་བཙུན་ཚོའི་བཞུགས་ཤག་ཁ་ཤས་ལ་གུན་གསབ་རྒྱ་སྒོར་ཁྲི་༣ རེ་རྒྱ་གཞུང་གིས་སྤྲད་ཡོད་འདུག་ཀྱང་། དེས་གུན་གསབ་ཏག་ཏག་ཅིག་འདང་གི་མེད་པ་དཔེར་ན། བྲག་མགོའི་བཙུན་མ་བླ་རུང་སྒར་ནང་ལོ་༣༠ བསྡད་ཟིན་པ་ཞིག་གི་བཞུགས་ཤག་གཏོར་རྗེས། གུན་གསབ་ཏུ་རྒྱ་སྒོར་ཁྲི་༣ སྤྲད་ཡོད་འདུག་ཀྱང་། བཙུན་མ་མོ་རང་གི་བཞུགས་ཤག་ལ་རྒྱ་སྒོར་ཁྲི་༡༥ ཡི་རིན་པ་ཡིན་སྟབས་གུན་གསབ་ཏག་ཏག་ཅིག་བྱུང་མེད་སྐོར་མོ་རང་གིས་བརྗོད་ཡོད་འདུག

བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་རྣམས་ཕྱིར་འབུད་བྱེད་སྐབས་གྲྭ་པ་ལས་བཙུན་མ་རྣམས་ལ་དཀའ་ངལ་ཆེ་བ་འཕྲད་ཡོད་པ་དང་། དེའི་རྒྱུ་མཚན་ནི་གྲྭ་པ་ཕལ་མོ་ཆེར་སོ་སོའི་གཞིས་དགོན་རེ་ལོག་ས་ཡོད་ཀྱང་། བཙུན་མ་རྣམས་ལ་དེ་ལྟར་མེད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བཙུན་མའི་བཞུགས་ཤག་མང་བ་གཏོར་བཤིག་བཏང་ཡོད་ཁར་བཙུན་མ་མང་བ་ཕྱིར་འབུད་བྱས་ཡོད་པས་ཡིན་འདུག ལྟོས་ས་ལྟོས་འཇོག་གི་ཆ་ནས་གྲྭ་བཙུན་གཉིས་ལས་བཙུན་མ་རྣམས་ལ་དཀའ་ངལ་ཆེ་བ་འཕྲད་ཡོད་པ་ལས། གཞན་གྲྭ་པ་རྣམས་ལའང་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མི་ཉག་བེ་ལོ་རི་ཁྲོད་ཀྱི་གྲྭ་པ་རྣམས་སྡོད་ས་མེད་དེ་གུར་ཕུབ་ནས་བསྡད་དགོས་ཁེལ་ཡོད་པ་ལས་གསལ་གྱི་ཡོད་སྐོར་འདུག

རྒྱ་གཞུང་གིས་བླ་རུང་སྒར་ནང་ད་ལྟ་ཁང་ཆེན་ཞིག་གསར་དུ་བརྒྱབས་ཡོད་པ་དང་། དེ་ཕྱི་མི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་དང་། ཟ་ཁང་། དེ་བཞིན་གནས་མཇལ་བའི་ཆེད་དུ་ཡིན་སྐོར་སོགས་འདྲ་མིན་བཤད་བཞིན་ཡོད་པ་མ་ཟད། བཙུན་དགོན་གྱི་ཉེ་འགྲམ་དུ་ཁང་གསར་ཆེན་པོ་ཞིག་བརྒྱབས་ཡོད་པ་དེའང་འགའ་ཤས་ཀྱིས་དཔེ་མཛོད་ཁང་ཡིན་སྐོར་དང་། འགའ་ཤས་ཀྱིས་དཔེ་ཚོང་ཁང་ཡིན་སྐོར་སོགས་ལབ་གླེང་སྣ་ཚོགས་བྱེེད་བཞིན་ཡོད་འདུག དེང་སྐབས་བླ་རུང་སྒར་ནང་རྒྱ་མི་ཨར་ལས་པ་རྣམས་ཀྱི་འཛུགས་སྐྲུན་གྱི་ཟང་ཟིང་ལ་བརྟེན་ནས་དགོན་པའི་ནང་སུན་པོ་ཆགས་ཏེ་སློབ་གཉེར་ཚུལ་བཞིན་ཡོང་གི་མེད་པ་དང་། སྒར་གྱི་དཔེ་ཁྲིད་དགེ་རྒན་ཞིག་གིས་“དགོན་པའི་ནང་སློབ་གཉེར་བྱ་ཡུལ་གྱི་ས་ཆ་ལས་ཡུལ་སྐོར་སྤྲོ་འཆམ་པའི་ས་ཁྱོན་ཆེ་བ་བཟོས་སོང་”ཞེས་གསུངས་ཡོད་འདུག གཞན་ཡང་འཛུགས་སྐྲུན་པའི་ཁོངས་སུ་ཡང་བོད་མི་འགའ་ཤས་ལས་མེད་པ་རེད་འདུག

ད་ལྟའི་ཆར་བླ་རུང་སྒར་ནང་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གང་བྱུང་དུ་འགྲོ་བསྐྱོད་ཆོག་གི་ཡོད་འདུག་པ་མ་ཟད། སྒར་ནང་དུ་ཡོད་པའི་མིའི་ཕུང་པོ་རྣམས་བྱ་གཏོར་གཏོང་སའི་དུར་ཁྲོད་དུ་ལྟད་མོ་ལྟ་མཁན་རྒྱ་མི་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་ཀྱང་། ཤར་ཏུ་ཀི་སི་ཐན་གྱི་མི་དང་། ཕྱི་རྒྱལ་བ་རྣམས་ལ་བཀག་སྡོམ་གྱིས་སྒར་ནང་ཡོང་ཆོག་གི་མེད་པ་དང་། གལ་སྲིད་རེ་ཟུང་ཞིག་སླེབས་ཐུབ་ཚེ་དེ་དག་མཚན་སྡོད་བྱེད་ཆོག་གི་མེད་ཁར་གསེར་རྟ་རྫོང་གི་མགྲོན་ཁང་རྣམས་ནས་ཕྱི་རྒྱལ་བ་ལ་སྣེ་ལེན་བྱེད་མི་ཆོག་པ་བཟོས་ཡོད་འདུག

གྲྭ་བཙུན་དང་སྐྱེ་བོ་ཆོས་པ་རྣམས་དབྱེ་བ་བཀར་བདེ་བ་དང་། སྟངས་འཛིན་བྱེད་བདེ་བའི་ཆེད་དུ། བླ་རུང་སྒར་གྱི་རྒྱལ་སྒོའི་ཉེ་འགྲམ་གྱི་མི་སྐྱ་ནང་ཆོས་སློབ་གཉེར་བ་བཞུགས་ས་ཁང་པ་རྣམས་དེ་སྔོན་དམར་པོ་ཡིན་ཡང་། ད་ལྟ་དེ་དག་ལ་ཚོན་སེར་སྐྱ་བཏང་བཅུག་ཡོད་འདུག

གཞན་ཡང་རྒྱ་གཞུང་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས་བཙུན་མ་རང་ཤི་རྒྱག་མཁན་༣ ཙམ་བྱུང་ཡོད་སྐོར་དང་། དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མེད་སྐོར་བརྗོད་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook20Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 302

Leave a Reply