བྷེལ་རྗམ་དུ་བོད་ཀྱི་ན་ཆུང་བྱིས་པའི་ཚགས་པར་ཞིག་བཏོན་འདུག

ཟླ་འདིའི་ཚེས་ ༢༣ ཉིན་བྷེལ་རྗམ་དུ་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ན་ཆུང་བྱིས་པའི་རིག་རྩལ་དགོངས་ཚོགས་ཐེངས་བཞི་པའི་ཐོག བྷེལ་རྗམ་བོད་ཀྱི་ན་ཆུང་བྱིས་པའི་ཚགས་པར་ཅེས་པའི་སློབ་མའི་ཚགས་པར་ཞིག་འདོན་སྤེལ་བྱས་འདུག

དེ་ཡང་བྷེལ་རྗམ་བོད་ཀྱི་ན་ཆུང་བྱིས་པའི་རིག་རྩལ་དགོངས་ཚོགས་ནི་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་པ་བསྐྱངས་ནས་མི་ལོ་༢༨ འཁོར་བའི་དུས་དྲན་དུ་འཚོགས་པ་ཞིག་ཡིན་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བྷེལ་རྗམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱིས་བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་དང་། མ་འོངས་པར་ཡང་༸གོང་ས་མཆོག་གི་བཀའ་དགོངས་བཞིན་མཐུན་སྒྲིལ་དང་། སྤྱི་དོན་ལ་མི་རེ་ངོ་རེ་བྱས་ནས་འགན་ཁུར་གནང་རྒྱུ་གལ་ཆེན་ཡིན་སྐོར་ཀྱི་ལམ་སྟོན་གསུངས་བཤད་གནང་རྗེས་བྷེལ་རྗམ་བོད་ཀྱི་ན་ཆུང་བྱིས་པའི་ཚགས་པར་སྒོ་འབྱེད་བྱས་ཡོད་པ་རེད།

བྷེལ་རྗམ་བོད་ཀྱི་ན་ཆུང་བྱིས་པའི་ཚགས་པར་ནི་བྷེལ་རྗམ་ཁུལ་དུ་བོད་མིས་བཏོན་པའི་བོད་ཡིག་གི་ཚགས་པར་ཐོག་མ་དེ་ཆགས་ཡོད་པ་དང་། དེ་ཡང་བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གཟའ་མཇུག་སློབ་གྲྭའི་(འཇམ་དབྱངས་བློ་འཕེལ་སློབ་གྲྭ།)སློབ་མ་རྣམས་ལ་བོད་ཡིག་འབྲི་སྦྱོང་གི་ཆེད་དུ་གསར་བཏོད་བྱས་པ་ཞིག་ཡིན་འདུག ཚགས་པར་ནང་སློབ་མ་༢༠ ཡིས་རྩོམ་ཐུང་བྲིས་ཡོད་པ་དང་། ཚགས་པར་གྱི་རྩོམ་སྒྲིག་པའི་གཏམ་ནང་། “གསར་ཤོག་ཆུང་ཆུང་ཞིག་གི་ལགས་སྐྱེས་ཕུལ་ཡོད། འདི་ནི་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཅེས་པའི་དཔེ་ལྟར། ཕར་བལྟས་ན་ཤོག་ངོས་ཆུང་ཆུང་འགའ་ལས་མེད་ཀྱང་དབྱངས་གསལ་སོ་བཞིའི་ས་བོན་ལས་སྐྱེས་པའི་མེ་ཏོག་གི་འཕྲེང་བ་ཞིག་ཡིན། འདི་ནི་མི་ས་མིའི་ཡུལ་ནས་འཁྲུངས་བའི་ཁ་བ་རི་བའི་ན་ཆུང་བྱིས་པ་དག་གི་ཀ་ཁའི་དབྱངས་ལྟ་ཡིན་ལ། འདི་ནི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣམས་ཀྱིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོར་མི་ཕྱེད་དད་པའི་མཆོད་རྫས་ཤིག་དང་། གཞལ་མེད་བཀའ་དྲིན་ལ་རྗེས་དྲན་མཚོན་བྱེད་ཅིག་ཀྱང་ཡིན་”ཞེས་སོགས་འཁོད་འདུག
བྷེལ་རྗམ་དུ་༢༠༠༨ ལོ་གཞིས་ལུས་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཡོངས་དང་སྐྱིད་སྡུག་མཉམ་མྱོང་མཚོན་བྱེད་དུ། བྷེལ་རྗམ་དུ་བོད་མི་འགས་བོད་ཀྱི་ཆོས་དང་རིག་གནས་ཐམས་ཅད་ཀྱི་རྩ་བ། མི་རིགས་ཀྱི་སྲོག་རྩར་གྱུར་བའི་སྐད་ཡིག་རྒྱུད་འཛིན་བྱེད་པར་གཟའ་མཇུག་འཛིན་གྲྭ་བཙུགས་པ་དང་། དེ་ལ་༸གོང་ས་མཆོག་གིས་འཇམ་དབྱངས་བློ་འཕེལ་ཅེས་པའི་མིང་བྱང་གནང་ཡོད་པ་རེད། ད་སྐབས་བྷེལ་རྗམ་ནང་བོད་མི་འདུས་སྡོད་མང་སའི་གྲོང་ཁྱེར་ཁག་དྲུག་ལ་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་ཁྲིད་བྱེད་སའི་གཟའ་མཇུག་འཛིན་གྲྭ་བཙུགས་ཡོད་པ་རེད། འཛིན་གྲྭ་དེ་དག་གི་ནང་ལ་དངོས་ཡོད་སློབ་མ་༢༣༡ གིས་བོད་ཀྱི་སྐད་དང་རིག་གནས་ལ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། དགེ་རྒན་༤༤ དང་རྒྱུན་ལས་༡༤ ཡིས་དྭངས་བླངས་ཞབས་ཞུ་སྒྲུབ་བཞིན་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 176

Leave a Reply