མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་བགྲོ་གླེང་ཚོགས་འདུ།

གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་མཁོ་གཏོང་བྱས།

ཟླ་འདིའི་ཚེས་༧ ཉིན་ལྡི་ལིའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཚོགས་པ་དང་། ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྒང་གཏམ་བཤད་གནང་མཁན་དགུ་ཡིས་

དཔྱད་རྩོམ་སྒྲོག་སྦྱང་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་བརྗོད་གཞི་གཙོ་བོ་གསུམ་སྟེ། བོད་དང་རྒྱལ་སྤྱིའི་གནས་བབས། བོད་ནང་གི་སྣོད་བཅུད་དཀའ་ངལ་དང་དེས་འབྲེལ་ཡོད་རྒྱལ་ཁབ་གཞན་ལ་གནོད་སྐྱོན། གསུམ་པ་བོད་རྒྱའི་འབྲེལ་ལམ་ཁྲོད་ཀྱི་རང་དབང་གཙང་མའི་བདག་དབང་ལ་དཔྱད་ཞིབ་ཀྱི་ལེ་ཚན་འདི་བགྲོ་གླེང་གི་རྣམ་པའི་ཚུལ་དུ་བོད་རིགས་གཞོན་སྐྱེས་ཞིབ་འཇུག་པ་ཚོས་མཁས་དབང་ཟླ་བ་ནོར་བུའི་རྩོམ་ཡིག་ལ་དཔྱད་ཞིབ་བྱས་ཡོད་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་།

དེ་ཡང་ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་གི་ཚོགས་ཁང་ནང་དུ། མཐོ་སློབ་དེའི་བོད་དོན་གླེང་སྟེགས་(Tibet Forum,JNU) ཀྱི་གོ་སྒྲིག་འོག་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུའི་མཛད་སྒོའི་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྡི་ལིའི་བོད་ཀྱི་དོན་གཅོད་འབྲོང་ཆུང་དངོས་གྲུབ་ཀྱིས་གཏམ་བཤད་གནང་དོན། “ངས་མཁས་དབང་ཟླ་བ་ནོར་བུའི་སྐོར་མདོར་བསྡུས་བཤད་ན། ཁོང་ནི་བཙན་བྱོལ་ནང་ཤེས་ཡོན་ཅན་གྱི་མི་ཐོག་དང་པོ་དེ་ཆགས་ཡོད་པ་དང་། གཞི་རིམ་གྱི་སློབ་སྦྱོང་གནང་ཡུལ་དེ་བཀའ་བློན་སྦུག་ཡིན་འདུག ང་རང་ཁོང་ལ་དམིགས་བསལ་གྱི་འབྲེལ་འདྲིས་སོགས་གང་ཡང་མེད་ན་ཡང་། ཁོང་གི་གཅུང་པོ་འདས་པོ་སྐལ་བཟང་བསྟན་འཛིན་དང་སློབ་སྦྱོང་གི་བརྒྱུད་རིམ་སོགས་གང་ཅིའི་ཐད་ལོ་མཉམ་ཡིན་ཙང་། ཉིན་ཞིག་ངས་ཁོང་པ་ཇ་མ་དང་ཀུར་རྟ་(Pajama and Kurta) རྒྱ་གར་གྱི་གྱོན་པའི་རིགས་ཤིག ) གྱོན་ནས་ཚུར་ཡོང་བཞིན་པའི་རྣང་བརྙན་དེ་ད་ལྟ་ཡང་དྲན་གྱིན་འདུག ང་རང་མཐོ་སློབ་འགྲིམ་དུས། མཁས་དབང་ཟླ་བ་ནོར་བུ་ལགས་བོད་གནས་བསྐྱར་ཞིབ་(Tibetan Review ) དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་བཞིན་ཡོད་ལ། སྐབས་འགར་གཟའ་འཇུག་དང་མཐོ་སློབ་ཀྱི་གུང་གསེང་འདྲ་བཏང་དུས། ང་ཚོ་སློབ་མ་སྐོར་ཞིག་ དུས་དེབ་ཀྱི་ལས་ཁུངས་སུ། རོགས་པ་ཙག་ཙིག་འདྲ་བྱས་མྱོང་བ་དྲན་གྱིན་འདུག ང་རང་ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་ཡིན་པས། བོད་མིའི་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་ལ། མཁས་དབང་ཟླ་བ་ནོར་བུར་ཆ་མཚོན་ན་ཡང་། བོད་མིའི་སྤྱི་ཚོགས་ལ་རྒྱུས་ཡོད་ཀྱིས། ཁོང་གི་རྩོམ་ཡིག་སྐོར་ཞིག་གི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་སྡུག་གཉིས་ཆ་གསལ་སྟོན་བྱས་ཡོད་ལ། ཁོང་ནི་དབང་ཆ་ཡོད་པའི་དཔོན་རིགས་དང་། གཞུང་སྡེ་གང་འདྲ་ཞིག་ཡིན་ན་ཡང་དྲང་བདེན་བཤད་ཕོད་པའི་མཁས་དབང་ཞིག་ཆགས་ཡོད། ཁོང་གིས་བརྩམས་པའི་དཔེ་དེབ་དང་། དཔྱད་རྕོམ་མང་པོའི་ཁྲོད་ནས་འཛམ་གླིང་གསུམ་པའི་མི་རིགས་རིང་ལུགས་(Third World Nationalism) ཞེས་པའི་དེབ་འདི་ནང་ནམ་རྒྱུན་སྲིད་དོན་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་སྒྲོམ་གཞིའི་ནང་དུ། མི་རིགས་རིང་ལུགས་ཀྱི་རྣམ་གཞག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཡུ་རོབ་ཀྱི་བལྟ་སྟངས་དེར་དགག་པ་ཚ་ནན་སྐྱོན་པ་འདིས། ཁོང་གིས་རྙོག་འཛིང་ཅན་གྱི་གནས་ཚུལ་གང་འདྲ་ཞིག་ཡིན་ན་ཡང་། ཡུ་རོབ་ཀྱི་ལྟ་སྟངས་དང་མ་འདྲེས་པའི་ཐབས་ལམ་གསར་པ་ཞིག་དང་བརྡ་ཆད་གསར་པ་ཞིག་གིས་ཚབ་བྱེད་དགོས་པའི་སྡོམ་ཚིག་བཀོད་ཡོད། ཁོང་ནི་མཁས་དབང་ཙམ་མ་ཟད་མི་རིགས་ལ་ཤ་ཚ་དང་ལ་རྒྱ་ཡོད་མཁན་གྱི་བོད་མི་ཞིག་ཀྱང་ཆགས་ཡོད། གཞན་ང་རང་འཛིན་སྐྱོང་གི ལས་ཀ་བྱེད་མཁན་ཞིག་ཡིན་ཙང་། དམིགས་བསལ་གང་ཡང་བཤད་རྒྱུ་མེད། ”ཅེས་གསུངས་ཡོད་པ་རེད།

དེའི་རྗེས་འདི་ལོའི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཟེངས་བསྟོད་བྱ་དགའ་དེ། བོད་ཡིག་ཐོག་ལྡི་ལའི་གཙུག་ལག་སློབ་གྲྭ་ཆེན་མོ་ནང་སློབ་གཉེར་བྱེད་བཞིན་པའི་འབྲུག་ཐར་ལ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཁོང་ལ་སོ་སོའི་དཔྱད་རྩོམ་གྱི་ནང་དོན་དང་འབྲེལ་བའི་ཐོག་བཅར་འདྲི་བྱེད་དུས།  ཁོང་གིས་“ངའི དཔྱད་རྩོམ་བཙན་བྱོལ་བོད་མིའི་སློབ་གྲྭ་ཟུར་འཛུགས་དང་ཤེས་ཡོན་ལ་དཔྱད་པ་ཞེས་པའི་ནང་དོན་གཙོ་བོ་ཞིག་ནི། ང་ཚོ་བཙན་བྱོལ་ལ་སླེབས་ནས་མི་ལོ་གང་ཙམ་ཕྱིན་ཡོད་པ་དང་། གཙོ་བོ་སྤྱི་ཡོངས་ཀྱི་བཙན་བྱོལ་བོད་མིའི་ཤེས་ཡོན་ལ་གྲུབ་འབྲས་གང་ལ་གང་ཙམ་ཞིག་ཐོན་ཡོད་ནའང་། ངའི་དཔྱད་རྩོམ་འདི་ནང་༧གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་ནས་ཤེས་ཡོན་ཐོག་གྲུབ་འབྲས་གང་འདྲ་ཞིག་ཐོན་ཡོད་མེད་སྐོར་ལ་དཔྱད་ཞིབ་བྱས་ཡོད།” ཅེས་བརྗོད་སོང་།

དབྱིན་ཡིག་ཐོག་རྩེ་ཕུད་བྱ་དགའ་ཐོབ་མཁན་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ཨོ་རྒྱན་ཆོས་གྲུབ་ལ་བཅར་འདྲི་བྱས་དུས། ཁོང་གིས་ “ངའི་དཔྱད་རྩོམ་བཙན་བྱོལ་ནང་བོད་མི་རིགས་ཀྱི་རྣམ་པ་ཆགས་སྟངས། བོད་མིའི་ངོ་བོ་དང་རིག་གཞུང་བརྗེ་སྤོར། འགོག་རྒོལ། (Construction of Tibetan Nation in Exile: Issue of Identity, Acculturation and Resistance) ཞེས་པ་འདི་ནང་ད་ལྟ་བཙན་བྱོལ་ལ་ཡོད་པའི་བོད་མི་ཡི་ངོ་བོ་གཅིག་མཚུངས་ཅན་དེ་(Homogenous Tibetan Identity) ང་ཚོ་རྒྱ་གར་ལ་སླེབས་ནས་གསར་དུ་བཟོས་པ་ཞིག་ཡིན་པ་དང་། འདི་ལྟར་ཆགས་དགོས་པའི་རྒྱུ་མཚན་ནི། གཞུང་དང་ཤེས་ཡོན་གྱི་བསྟི་གནས་མང་པོ་ཞིག་གིས་སྔར་བོད་རྒྱལ་ཁབ་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱི་སྒྲོམ་གཞི། ད་དུང་དཔལ་འབྱོར་གྱི་གནས་སྟངས་སོགས་རྣམ་པ་མ་འདྲ་བ་( Heterogeneous) ཡོད་པ་འདིར། གཅིག་མཚུངས་ཀྱིས་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་སྤྱི་ལོ་ ༡༩༦༠ དང་ ༧༠ ཙམ་ལ་བལྟ་སྟངས་དེར་བོད་མི་ཚོགས་སྡེ་མང་པོ་ཞིག་གིས་དགོག་རྒོལ་བྱས་ཡོད་པ་དེ་གསལ་སྟོན་བྱས་ཡོད།” ཅེས་བརྗོད་སོང་།

མཛད་སྒོའི་ལས་རིམ་གཉིས་པའི་ནང་ “བོད་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ།” ཅེས་པའི་བརྗོད་གཞི་ཐོག་འབྲེལ་ཡོད་མཁས་པ་གསུམ་གྱིས་གཏམ་བཤད་དང་། དེའི་ཁོངས་ནས་རྒྱ་གར་ཀ་ལི་ཀ་ཏ་གཙུག་ལག་སློབ་གྲྭ་ཆེན་མོའི་(Culcutta University) ནང་དགེ་རྒན་གཞོན་པ་གནང་བཞིན་པའི་འཇིག་མེད་ཡེ་ཤེས་ལ། ཁོང་གི་གཏམ་བཤད་ཀྱི་ནང་དོན་དང་འབྲེལ་བའི་ཐོག་བཅར་འདྲི་བྱས་པར། ཁོང་གིས་ “ ང་ཚོའི་བོད་པའི་གནས་ཚུལ་འདི་ངོས་འཛིན་བྱེད་སྟངས་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་དང་། ཁག་ཅིག་གིས་བོད་པའི་གནས་ཚུལ་འདི་འགྲོ་བ་མིའི་ཐོབ་ཐང་དང་། རང་ཐག་རང་གཅོད་ཀྱི་ངོ་བོ་ཐོག་ནས་ལྟ་ཡི་ཡོད་ལ། ཡང་སྐོར་ཞིག་གིས་རང་སྐྱོང་ཀྱི་སྲིད་དབང་དང་རང་དབང་། ད་དུང་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་བལྟ་མཁན་ཡང་ཡོད། འོན་ཀྱང་སྡེ་ཚན་(སྐབས་འདིར་རིག་གནས་ཀྱི་ཚན་པ་འདྲ་མིན་ལ་གོ་དགོས།) འདི་དག་ཕལ་ཆེ་བ་ཞིག་ནུབ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་ནས་ཚུར་ནང་འདྲེན་བྱས་པ་ཞིག་ཡིན་པས། ནུབ་ཕྱོགས་མ་ཡིན་པའི་རྒྱལ་ཁབ་གཞན་ཚོའི་རིག་གཞུང་ཀྱི་ངོ་བོ་མཚོན་ཐུབ་ཐབས་མེད། མི་སེར་སྤེལ་བའི་རིང་ལུགས་(Colonialism) ཀྱི་བརྒྱུད་ནས། ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་རིན་ཐང་ཕལ་ཆེ་བ་ཞིག་རྒྱ་གར་དང་རྒྱ་ནག་ལ་ཡང་སིམ་འཛུལ་བྱས་ཡོད་ལ། རྗེས་སོར་རྒྱལ་ཁབ་འདི་དག་ལ་(རྒྱ་གར་དང་རྒྱ་ནག་ལ་གོ། ) རང་བཙན་ཐོབ་དུས། ཁོ་ཚོས་སྔར་བཞིན་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལྟ་གྲུབ་འདི་དག་རྒྱུན་སྐྱོང་བྱས་ཡོད་ཅིང་།  རིམ་བཞིན་མཐའ་མཚམས་ཀྱི་རྒྱལ་ཁབ་ཆུང་བ་ཚོར་ཡང་ལྟ་བ་འདི་བེད་སྤྱོད་བྱེད་འགོ་བཙུགས་ཡོད།བོད་རྒྱལ་ཁབ་ལ་མཚོན་ན་ཡང་། ནུབ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་དེའི་རྐྱེན་པས། བོད་པའི་སྲོལ་རྒྱུན་གྱི་ལྟ་ཚུལ་འཛིན་སྟངས་མང་པོར་འགྱུར་བ་ཆེན་པོ་ཕྱིན་ཡོད་” ཅེས་བརྗོད་སོང་།

མཛད་སྒོའི་ལས་རིམ་གསུམ་པའི་ནང་ “བོད་ཀྱི་སྣོད་བཅུད་དཀའ་ངལ་དང་དེས་འབྲེལ་ཡོད་རྒྱལ་ཁབ་གཞན་ལ་གནོད་སྐྱོན། ”ཞེས་པའི་བརྗོད་གཞི་ཐོག་མི་གསུམ་གྱིས་གཏམ་བཤད་ནང་བ་དང་། དེའི་ཁོངས་ནས་བོད་ཀྱི་འཁོར་ཡུག་དང་འབྲེལ་བའི་ཐོག་ཞིབ་འཇུག་གནང་མཁན་བློ་བཟང་དབྱངས་མཚོ་ལ་བཅར་འདྲི་ཞུས་པར། ཁོང་གིས། “ངའི་དཔྱད་རྩོམ་རྒྱ་ནག་གི་མདོ་དབུས་མཐོ་སྒང་ལ་འཛིན་པའི་གཙང་པོའི་ཆབ་སྲིད། རྫ་ཆུ་དང་ཡར་ཀླུང་གཙང་པོར་དཔྱད་ཞིབ། (China’s River Politics on the Tibetan Plateau: Comparative study of Brahmaputra and Mekong) ཞེས་པ་འདི་ནང་བོད་ནང་རྒྱ་ནག་གིས་ཆུ་རགས་མང་པོ་རྒྱག་པའི་རྐྱེན་གྱིས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་དང་། དེ་བཞིན་རྫ་ཆུ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སྟངས་འཛིན་བྱེད་སྟངས་ཐད་རྒྱ་ནག་གིས་རྫ་ཆུ་ལ་དོ་སྣང་ཆེན་པོ་སྤྲད་ཡོད། ཕྱོགས་གཅིག་ནས་ལྷོ་ཤར་ཨེ་ཤེ་ཡའི་ས་ཁོངས་ཀྱི་རྩོད་རྙོག་དང་རྒྱལ་ཁབ་ཀྱི་བདེ་འཇགས་རྐྱེན་པས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཚང་མའི་ཆུ་བོ་སྟངས་འཛིན་བྱེད་སྟངས་ལ་ཁྱད་པར་ཆེན་པོ་བཟོས་ཡོད། རྗེས་སོར་ཡར་ཀླུང་གཙང་པོ་དང་རྫ་ཆུ་སྟངས་འཛིན་བྱེད་སྟངས་ཐད་མི་མང་དཀྱུས་མ་ཚོར་ཐག་གཅོད་རང་དབང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དམིགས་བསལ་ཡར་ཀླུང་གཙང་པོའི་གནས་སྟངས་སྒང་རྒྱ་གར་དང་རྒྱ་ནག་གཉིས་ནས་རྒྱུག་ཆུ་དང་འབྲེལ་བའི་ཁྲིམས་དང་སྒྲིག་འཛུགས་གཏན་འབེབས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསལ་སྟོན་བྱས་ཡོད། ” ཅེས་བརྗོད་སོང་།

དེའི་རྗེས་ཚོགས་འདུའི་ལས་རིམ་མཐའ་མར་མཁས་དབང་ཟླ་བ་ནོར་བུའི་རྕོམ་ཡིག་དང་འབྲེལ་ནས་“བོད་རྒྱའི་འབྲེལ་ལམ་ཁྲོད་ཀྱི་རང་དབང་གཙང་མའི་བདག་དབང་ལ་དཔྱད་ཞིབ། ”(Understanding Sovereignty in Tibet-China Relations) ཞེས་པའི་བརྗོད་གཞི་སྟེང་མཐོ་སློབ་འདྲ་མིན་ནང་ཉམས་ཞིབ་གནང་བཞིན་པའི་ཞིབ་འཇུག་པ་བཞི་ཡིས་དཔྱད་སྡུར་དང་། བགྲོ་གླེང་བྱས།  ཐེངས་འདིའི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་གསུམ་པར་གཏམ་བཤད་པ་དང་སློབ་མ། དེ་བཞིན་སྤྱི་ཚོགས་ནང་དོན་གཉེར་བ་བཅས་མི་༢༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་རེད།།

 

Share on Facebook26Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 86

Leave a Reply