མགོ་འབྱར་ནས་སྐྱེས་པའི་མཚེ་མར་བཤའ་བཅོས་བྱས་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མགོ་བོ་འབྱར་ནས་སྐྱེས་པའི་ཕྲུ་གུ་མཚེ་མ་ལོ་གཉིས་ལས་མ་སོན་པའི་བུ་གཉིས་བཤའ་བཅོས་བྱས་ནས་སོ་སོར་ཕྱེས་འདུག

ཟླ་འདིའི་ཕྱི་ཚེས་༢༧ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རྒྱ་གར་གཞུང་གི་སྨན་ཁང་(All India Institute of Medical Sciences)ཞེས་པའི་ནང་། སྨན་པ་༣༠ མཉམ་འབྲེལ་བྱས་ནས་ཆུ་ཚོད་༡༦ གི་རིང་ལ། མགོ་འབྱར་ནས་མཉམ་དུ་སྐྱེས་པའི་བྱིས་པ་ཇ་གྷ་དང་ཀ་ལི་ཡ་ཞེས་པ་བཤའ་བཅོས་བྱས་ནས་མགོ་སོ་སོར་ཕྱེས་ཡོད་འདུག་ཅིང་། བྱིས་པ་དེ་གཉིས་ནི་ད་ལྟ་ལོ་གཉིས་ལས་སོན་མེད་འདུག སྨན་པ་ཚོས་ད་ལྟའི་ཆར་བྱིས་པ་གཉིས་པོ་འཕྲོད་བསྟེན་ལྟ་སྐྱོང་ཤུགས་ཆེན་པོའི་འོག་ཡོད་སྐོར་བརྗོད་ཡོད་པ་དང་། འབྱུང་འགྱུར་གྱི་ཉིན་གྲངས་༡༨ དེ་བཤའ་བཅོས་ལམ་ལྷོང་ཡོང་མིན་ཧ་གོ་བར་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྐོར་འདུག

ཕྲུ་གུ་མཚེ་མ་དེ་གཉིས་ནི་རྒྱ་གར་ཨོ་རི་ས་མངའ་སྡེའི་གྲོང་གསེབ་ཅིག་ཏུ་སྐྱེས་ཡོད་ཅིང་། ཐོག་མར་སྐྱེས་དུས་ནས་མགོ་བོ་འབྱར་ཡོད་པ་དང་། ཁྲག་རྩ་དང་ཀླད་པའི་ཕུང་གྲུབ་(brain tissues) གཉིས་ཕན་ཚུན་སྦྲེལ་ནས་ཡོད་འདུག སྤྱིར་འཛམ་གླིང་ནང་ཕྲུ་གུ་འདི་འདྲ་སྐྱེ་བ་ནི་ཉུང་ཤས་ཡིན་པ་དང་། ཕྲུ་གུ་ས་ཡ་གསུམ་སྐྱེས་པའི་ནང་འདི་འདྲ་རེ་སྐྱེ་ཡི་ཡོད་ཀྱང་། བརྒྱ་ཆ་༥༠ ཐམ་པ་ཆུ་ཚོད་༢༤ ནང་ཚུན་དུ་འཆི་ཡི་ཡོད་སྐོར་སྨན་པས་བརྗོད་ཡོད་འདུག

དབང་རྩ་བཤའ་བཅོས་ཀྱི་སྨན་པ་མ་ཧཱ་པ་ཏི་ར་ཨེ་ཀེས་ཞེས་པས་“ཕྲུ་གུ་གཉིས་ཀ་ལ་འཕྲོད་བསྟེན་གྱི་དཀའ་ངལ་གཞན་ཡང་འདུག ཇ་གྷ་ལ་སྙིང་གི་ན་ཚ་དང་ཀ་ལི་ཡ་ལ་མཁལ་མའི་ན་ཚ་འདུག”ཅེས་དང་།“དང་ཐོག་ཇ་གྷ་འཕྲོད་བསྟེན་བཟང་བ་ཡོད་ཀྱང་ཁོའི་འཕྲོད་བསྟེན་ཞན་དུ་སོང་ནས། ད་ལྟ་ཀ་ལི་ཡའི་འཕྲོད་བསྟེན་བཟང་བ་འདུག་”ཅེས་བརྗོད་ཡོད་འདུག

སྨན་པ་ཚོས་བཤའ་བཅོས་བྱས་ནས་ལུས་པོ་སོ་སོར་ཕྱེ་ཚར་རྗེས་དཀའ་ངལ་ཆེ་ཤོས་ནི།བཤའ་བཅོས་བྱ་སའི་མགོ་བོའི་ངོས་སུ་ཨི་ཁུང་སྟོང་པ་ཆེན་པོ་ཡོད་སྟབས་དེར་སྐྱི་ལྤགས་མེད་པ་དེ་ཡིན་པ་དང་། གལ་ཏེ་མཚེ་ཕྲུག་གཉིས་གསོན་ཐུབ་ན། ལས་ཀ་རིམ་པ་གཉིས་པ་ནི་ཀླད་རུས་ཞིག་གསོ་བྱེད་རྒྱུ་དེ་ཡིན་སྐོར་བརྗོད་ཡོད་འདུག

བཤའ་བཅོས་དང་པོ་དེ་འདི་ལོའི་ཕྱི་ཟླ་༨ པའི་ཕྱི་ཚེས་༢༨ ཉིན་བྱས་ཡོད་འདུག་ཅིང་། སྐབས་དེར་སྨན་པ་ཚོས་མཉམ་དུ་སྦྲེལ་ནས་ཡོད་པའི་ཁྲག་རྩ་སོ་སོར་ཕྱེ་ཆེད། སྙིང་དང་ཀླད་པའི་བར་གྱི་ཁྲག་གི་འཁོར་བསྐྱོད་ཏག་ཏག་ཡོང་ཐབས་སུ་ཁྲག་ལམ་ཞིག་གསར་བཟོ་བྱས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||