མང་གཙོའི་དུས་ཆེན་ཐེངས་༥༧ པའི་གཞུང་འབྲེལ་མཛད་སྒོ།

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་ངོ་༩༠ འཁོར་བའི་དུས་དྲན་སྐབས་ཀྱི་ཞི་ཅིང་ཕིང་གི་གཏམ་བཤད་ལ་གཞིགས་ན།དམར་ཤོག་གི་སྲིད་བྱུས་རྒྱུན་འཁྱོངས་དང་དམ་དྲག་ཆེ་རུ་གཏོང་རྒྱུའི་རྟགས་མཚན་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད་སྐོར་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་འཁོད་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་མང་གཙོ་དུས་ཆེན་ཐེངས་༥༧ གྱི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གནང་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཀཱོལ་སིན་ཐཱ་ཀུར་དང་། དམིགས་བསལ་སྐུ་མགྲོན་སི་ཝི་ཌེན་ལྗང་གུ་ཚོགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀཱལ་ཤིའུ་ཏྲེལ། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་བཅས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་སེར་སྐྱ་མང་ཚོགས་དང་སློབ་གྲྭ་ཁག་གི་སློབ་མ་རྣམས་བཅས་ཁྱོན་མི་༡༠༠༠ ཡས་མས་འཛོམས་འདུག་ལ། བོད་གཞུང་ཟློས་གར་ཚོགས་པ་དང་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་སོང་།

མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་བྱང་གནང་སྐབས་“༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་འཁྲིད་གནང་མཛད་པ་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་རང་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་ལ་བརྟེན་དགོས་པའི་ལམ་སྟོན་མཐའ་འཁྱོངས་མཛད་པ་ལ་བརྟེན་ནས་བོད་ཀྱི་བདེན་དོན་དང་བོད་མིར་འཛམ་གླིང་ཁྱོན་ཡོངས་ནས་མ་ཟད། རྒྱ་ནག་སྐམ་ས་ཆེན་པོའི་ཤེས་ཡོན་ཅན་དང་རང་བློ་གཟུ་བོར་གནས་པའི་མི་སྣ་མང་པོ་ནས་ཀྱང་རྒྱབ་སྐྱོར་འཐོབ་བཞིན་ཡོད།”ཞེས་དང་།“འདི་ལོ་ཕྱི་ཟླ་ ༣ ཙམ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་’ཟེར་བ་སྤེལ་འགོ་བཙུགས་ཡོད་པ་དང་། ‘མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་’ཟེར་བའི་ལས་དོན་འོག་ནས་ཁ་བྲལ་ལ་ངོ་རྒོལ་དང་༸གོང་ས་མཆོག་ལ་མཚན་སྨོད་ཞུ་ཤུགས་ཆེ་རུ་བཏང་ཡོད་འདུག རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་རྒྱའི་དཀའ་རྙོག་སེལ་འདོད་ཡོད་ཚེ་༸གོང་ས་མཆོག་ལ་ཁ་བྲལ་བའི་མཚན་སྨོད་ཞུ་མཚམས་འཕྲལ་དུ་འཇོག་དགོས། རྒྱུ་མཚན་ནི་གཟུར་གནས་རྒྱལ་སྤྱིའི་མཁས་དབང་དང་ཆེས་མཐོའི་དབུ་ཁྲིད་མང་པོས་ངོས་འཛིན་གསལ་པོ་གནང་ཡོད་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་ལྡེ་མིག་ལྟ་བུ་དེར་གྱུར་ཡོད་པ་ལས། དེའི་བཀག་རྡོ་ལྟ་བུའི་འགལ་རྐྱེན་གཏན་ནས་མིན་པས། རྒྱ་གཞུང་ནས་དེ་ལྟར་ངོས་འཛིན་གསལ་པོ་དང་དུས་ཚོད་དམ་འཛིན་བྱས་པའི་སྒོ་ནས་བོད་དོན་འགྲིག་འཇགས་གང་མྱུར་ཡོང་སླད་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འགོ་འཛུགས་དགོས་པར་ད་རེས་སླར་ཡང་ནན་བརྗོད་དང་སྐུལ་འདེབས་བྱ་རྒྱུ་ཡིན།”ཞེས་དང་།

དེ་བཞིན་“སྤྱིར་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་མང་པོ་ཡོང་ཆོག་པ་ཞིག་ཡིན་ནའང་། དེ་དག་ལ་བརྟེན་ནས་ནང་ཁུལ་འགལ་ཟླ་དང་། འཁྲུག་རྩོད། ཕྱོགས་སྒྲིལ་བཅས་བྱུང་ན་ཕན་ལས་གནོད་ཚབས་ཆེ་བ་འགྱུར་ངེས་ཡིན་པ་འགྲེལ་བཤད་མི་དགོས་པ་ཞིག་རེད། དེ་བཞིན་མང་གཙོའི་ལམ་ལུགས་ནང་ཐོབ་ཐང་དང་འགན་འཁུར་གཉིས་ནི་ཊམ་ཀ་གཅིག་གི་ངོས་གཉིས་ལྟར་ཕན་ཚུན་ཡ་མ་བྲལ་བར་འགྲོ་དགོས་པ་ལས། འགན་འཁུར་རྩ་བ་ནས་མི་དགོས་པའི་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་རློམ་གྱིས་སྐད་འཕྲིན་ཟེར་བ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁུངས་མེད་དཀྲོགས་གཏམ་སྤེལ་བ་དང་། གཞི་མེད་སྐྱོན་འཛུགས་བྱེད་པ། ནང་ཁུལ་འཁྲུག་རྐྱེན་བཟོ་བ་སོགས་ནི་ཁྲིམས་ལུགས་དང་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བ་མ་ཟད། དགྲ་བོ་དང་དགྲ་བོའི་རྒྱུགས་ཁྱི་ཚོགས་སྒེར་རྣམས་ལ་དགོས་པའི་གལ་ཆེའི་ལག་ཆར་འགྱུར་ངེས་ཡིན་པས། རང་རིགས་རྒན་གཞོན་སུ་ཐད་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་རིགས་ལ་ཡིད་གཟབ་དང་བླང་དོར་འཛོལ་མེད་གནང་དགོས་པའི་སྐུལ་འདེབས་དང་བརྡ་སྟོན་ནན་པོ་བྱ་རྒྱུ་ཡིན།”ཞེས་དང་། དེ་བཞིན་རྒྱ་གཞུང་གིས་རིག་གནས་གསར་བརྗེ་ཟེར་བའི་སྨྱོ་སྤྱོད་ཀྱི་རྩ་བའི་སྲིད་བྱུས་དེ་བོད་དང་བོད་མིའི་ཐོག་ད་དུང་ལག་བསྟར་བྱེད་མཚམས་བཞག་མེད་སྐོར་དང་། བོད་མི་སྤྱི་ནས་བོད་ཀྱི་སྲོལ་རྒྱུན་གོམས་གཤིས་དང་༧གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་ལག་ཐོག་ཁེལ་གནང་རྒྱུའི་རེ་སྐུལ་སོགས་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་བྱང་གནང་སྐབས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པ་བཞིན་བོད་མི་སོ་སོར་འཁྲི་བའི་འོས་འགན་དང་། སྤྱི་ཚོགས་ཀྱི་ཁེ་ཕན་གལ་ཆེར་བརྩིས་ནས་ཆིག་སྒྲིལ་ཐོག་བོད་མིའི་ནུས་ཤུགས་གོང་མཐོར་གཏོང་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་༡༨ ནང་ནས། རྒྱ་ནག་དེ་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་༢ པ་ཡིན་པ་གསལ་བཏོན་གནང་ཡོད་པ། བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གིས་མཚོན་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་ལས་བརྒལ་བ་བཏང་དང་གཏོང་མུས་ཡིན་བ་བཅས་གསུངས་སོང་ལ།

དེ་བཞིན་ཁོང་གིས་“ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ནས་བཟུང་ད་བར་བོད་ནང་ཤེས་རྟོགས་ར་འཕྲོད་གསལ་པོར་བྱུང་བ་བོད་མི་གྲངས་ ༡༤༩ ཡིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བའི་ཁྲོད་ཁག་ཅིག་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་། དམག་མི་བཅས་ནས་སྐབས་དེར་བཙན་ཁྲིད་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཁོངས་འདི་ལོར་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་དང་། བློ་བཟང་སྐལ་བཟང་ལགས། བློ་བཟང་དཀོན་མཆོག་ལགས་བཅས་གློད་གྲོལ་བཏང་ཡོད་གནས་འདུག་ཀྱང་། བློ་བཟང་དཀོན་མཆོག་ལགས་ཀྱི་རྐང་པ་གཡས་པ་བཏུབ་ཡོད་གནས་ཙམ་ལས་ཁོང་རྣམས་བཙོན་འཇུག་བྱས་རིང་མནར་གཅོད་རྡུང་རྡེག་ཇི་མྱོང་དང་། བཙོན་གྲོལ་བཏང་རྗེས་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། རྒྱ་གཞུང་ནས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་གསོན་པོར་གནས་པ་ཡོངས་ཀྱི་སྐུ་གཟུགས་འཕྲོད་བསྟེན་ལ་འགན་ཁུར་དགོས་”ཞེས་དང་། “འདི་ལོའི་ཕྱི་ཟླ་༨ ཚེས་༡ ཉིན་རྒྱ་ནག་པེ་ཅིང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་ངོ་༩༠ འཁོར་བའི་དུས་དྲན་ཟེར་བའི་ཐོག་སྲིད་འཛིན་ཞི་ཅིང་ཕིང་གིས་གཏམ་བཤད་ནང་བཅིངས་འགྲོལ་དམག་དེ་གནས་སྟངས་ཛ་དྲག་སྐབས་གཞུང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་སྐོར་བརྗོད་ནས། ཕྱི་ལོ་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་མང་གཙོ་ཕྱོགས་གཏོགས་པ་ཚོའི་ངོ་རྒོལ་ལ་ཁྲག་དྲི་འཐུལ་བའི་དྲག་གནོན་བྱས་ཡོད་པ་སོགས་ཀྱི་སྐོར་ནན་བཤད་བྱས་པར་གཞིགས་ན་རྒྱ་གཞུང་གིས་དམར་ཤོག་གི་སྲིད་བྱུས་རྒྱུན་འཁྱོངས་དང་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་རྟགས་མཚན་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད།”པ་བཅས་སོགས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་སི་ཝི་ཌེན་ལྗང་གུ་ཚོགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀཱལ་ཤིའུ་ཏྲེལ། སི་ཝེ་ཌེན་རྒྱལ་ཁབ་ལ་ཡང་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་སྔོན་ཆད་དམག་འཁྲུག་གི་དཀའ་ངལ་འཕྲད་མྱོང་ཡང་། ཕྱིས་སུ་གཉིས་ཕན་གྱི་ལམ་ལ་བསྐྱོད་ནས་དཀའ་ངལ་སེལ་ཏེ། འདས་པའི་མི་ལོ་༢༠༣ གྱི་རིང་ལ་ཞི་བའི་ངང་གནས་ཐུབ་པ་བྱུང་བ་བཞིན། བོད་མི་ཚོར་ཡང་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་སོ་སོའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་ངོ་བོ་དང་བཅས་པ་སྲུང་སྐྱོབ་ཀྱི་ཐོག་རང་དབང་གི་འཚོ་བ་རོལ་ཐུབ་པ་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཞི་འགྲིག་ཡོང་བར་རེ་བ་བྱེད་ཀྱི་ཡོད་པ། དེའི་ཐབས་ལམ་ཡག་ཤོས་ནི་༧གོང་ས་མཆོག་གིས་བཏོན་པའི་གཉིས་སྨན་དབུ་མའི་ལམ་ཡིན་པ་བཅས་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཀཱོལ་སིན་ཐཱ་ཀུར་གྱིས་མང་གཙོའི་ལམ་ལུགས་ཀྱི་གཞུང་དེ་ཡག་ཤོས་ཡིན་པ་དང་། ༧གོང་ས་མཆོག་དྷ་སར་བཞུགས་པ་འདི་ཧི་མ་ཅལ་མངའ་སྡེའི་བསོད་ནམས་ཡིན་པ། བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་བཞིན་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་པ་བཅས་སོགས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་གསོལ་རས་ཁག་ཅིག་གནང་ཡོད་པ་ལས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རྒྱལ་རབས་ཐོག་སློབ་དཔོན་ལས་རོགས་སུ་ཕྱག་ལས་གནང་བཞིན་པའི་རིགས་གཅིག་རྐང་འཛིན་པ་ཨོ་རྒྱན་དང་། དྷ་ས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ཕྱག་ལས་གནང་མཁན་རིགས་གཅིག་རྐང་འཛིན་པ་འཕྲིན་ལས་དཔལ་སྒྲོན། རིགས་གཅིག་རྐང་འཛིན་པ་བསྟན་འཛིན་ཚེ་སྐྱིད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ཕྱག་ལས་གནང་བཞིན་པའི་རིགས་གཅིག་རྐང་འཛིན་པ་བསྟན་འཛིན་ཚུལ་ཁྲིམས། རིགས་གཅིག་རྐང་འཛིན་པ་བསྟན་འཛིན་དངོས་གྲུབ་བཅས་ལ་སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་དང་ཧིན་སྒོར་༢༠༠༠༠ རེ་གནང་སོང་ལ།

དེ་བཞིན་འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ནས་རྒྱུགས་འབྲས་ཡང་རྩེར་སོན་པའི་སློབ་མ་༡༢ ལ་དགའ་ལྡན་ཕོ་བྲང་གཟེངས་རྟགས་གནང་ཡོད་པ་ལས། ཚན་རིག་སྡེ་ཚན་ནས་ཡིན་པའི་ཀ་སྦུག་གཏན་སློབ་ཀྱི་སློབ་མ་བསམ་གཏན་བརྒྱ་ཆ་༩༠.༦དང་། སྒྱུ་རྩལ་སྡེ་ཚན་ནས་ཡིན་པའི་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཆི་མེད་བརྒྱ་ཆ་༩༢.༢། ཚོང་རིག་སྡེ་ཚན་ནས་ཡིན་པའི་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བཟང་མོ་བརྒྱ་ཆ་༨༧.༨ ཡིན་པ་བཅས་ལ་ཨང་རིམ་དང་པོར་སོན་པའི་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་ཧིན་སྒོར་༢༠༠༠༠ རེ་དང་།

ཚན་རིག་སྡེ་ཚན་ནས་ཡིན་པའི་མོན་གྷོ་གཏན་སློབ་ཀྱི་སློབ་མ་ཀུན་དགའ་འཆི་མེད་བརྒྱ་ཆ་༨༨.༨ དང་། ཚན་རིག་སྡེ་ཚན་ནས་ཡིན་པའི་མོན་གྷོ་གཏན་སློབ་ཀྱི་སློབ་མ་ལྷ་མོ་ཆོས་སྒྲོན་བརྒྱ་ཆ་༨༨.༨། སྒྱུ་རྩལ་སྡེ་ཚན་ནས་ཡིན་པའི་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་རིན་ཆེན་སྐྱིད་བརྒྱ་ཆ་༩༠.༤།སྒྱུ་རྩལ་སྡེ་ཚན་ནས་ཡིན་པའི་གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་མཚོ་བརྒྱ་ཆ་༩༠.༤།ཚོང་རིག་སྡེ་ཚན་ནས་ཡིན་པའི་དྷ་སྟེང་བོད་ཁྱིམ་སློབ་མ་ལྷག་པ་བསོད་ནམས་དང་ཁ་བཤད་དབང་མོ་གཉིས་བརྒྱ་ཆ་༨༢.༦ རེ་ཡིན་པ་བཅས་ལ་ཨང་གཉིས་པ་སོན་པའི་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་ཧིན་སྒོར་༡༥༠༠༠རེ།

ཚན་རིག་སྡེ་ཚན་ནས་ཡིན་པའི་མོན་གྷོ་གཏན་སློབ་ཀྱི་སློབ་མ་ཡེ་ཤེས་ཆོས་སྒྲོན་བརྒྱ་ཆ་༨༨.༤དང་། སྒྱུ་རྩལ་སྡེ་ཚན་ནས་ཡིན་པའི་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་གཡང་སྒྲོན་བརྒྱ་ཆ་༩༠.༢། ཚོང་རིག་སྡེ་ཚན་ནས་ཡིན་པའི་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ལྡན་བརྒྱ་ཆ་༨༢ ཡིན་པ་བཅས་ལ་ཨང་རིམ་གསུམ་པའི་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་ཧིན་སྒོར་༡༠༠༠༠ རེ་བཅས་གནང་སོང་ལ།

བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་ལས་པ་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་བསྡུར་ནང་འདེམས་ཐོན་བྱུང་བ་རྣམས་ལ་ཡང་གཟེངས་རྟགས་དང་གསོལ་རས་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 143

Leave a Reply