མཐའ་གཅིག་ཏུ་ཁོང་ཚོས་གང་བཤད་པ་དེ་ང་ཚོས་ལག་བསྟར་བྱེད་ཁག་པོ་རེད།

འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང། འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་གཉིས་ལ་འོས་བསྡུའི་སྐོར་བཅར་འདྲི་ཞུས་པ།

hjhjyiiདྲི་བ། འོས་བསྡུའི་ལས་རིམ་འགོ་བཙུགས་ནས་གྲངས་བཤེར་མ་གཏོགས་སྔོན་འགྲོའི་འོས་བསྡུའི་ལས་རིམ་དེ་གྲུབ་ཟིན་པ་རེད། སྤྱི་ཡོངས་ནས་འོས་བསྡུའི་ལས་རིམ་དེ་ཁྲིམས་སྒྲིག་གཞིའི་དགོངས་དོན་བཞིན་ཡག་པོ་ཕེབས་བསྡད་ཡོད་པ་རེད། ད་ལན་བཅར་འདྲི་ཞུ་རྒྱུའི་དོན་དག་དེ་ཚོ་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཡོང་བསྡད་པའི་གནས་སྟངས་ཁག་ཅིག་གི་སྐོར་ལ་གསལ་བཤད་ཅིག་གནང་རྒྱུའི་རེ་བའི་ཐོག་ནས་ཞུ་རྒྱུ་ཡིན། དང་པོ་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང། རྒྱབ་སྐྱོར་བ་མི་མང་པོའི་མིང་འཁོད་པའི་ཡི་གེ་ཞིག་བཏང་ཡོད་པ་རེད། དེའི་ནང་དུ་ང་ཚོའི་སྤྱི་ཚོགས་ནང་གི་མང་གཙོ་སོགས་ལ་དྲི་བ་དང་དོགས་གནས་མང་པོ་ཞིག་ཕེབས་བསྡད་ཡོད་པ་རེད། གནད་དོན་དེའི་ཐོག་ལ་དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ལན་འདེབས་གསལ་བཤད་དང། ལག་བསྟར་གནང་རྒྱུ་སོགས་འཆར་གཞི་ག་འདྲ་ཡོད་དམ།
ལན། འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ། (གཤམ་དུ་འོས་བསྡུའི་འགན་འཛིན་ཞེས་འབྲི་རྒྱུ་ཡིན) དེའི་སྐོར་ལ་གསལ་བཤད་ཅིག་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་(tibet.net) ལ་ཕུལ་ཡོད། ཡིག་ཆ་དེའི་ནང་དུ་གསལ་པོ་འཁོད་ཡོད་སྟབས་ཟུར་དུ་འགྲེལ་བཤད་མ་དགོས་པར་ཡིག་ཆ་དེ་འབུལ་ཆོག་པ་ཞུ་རྒྱུ་ཡིན།

དྲི་བ། ཉེ་ཆར་གསལ་བསྒྲགས་གནང་བ་ལྟར་ན་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་གཏོང་རྒྱུ་ཡིན་གསུངས་འདུག བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པའི་སྐབས་གཉིས་སུ་འོས་གཞིའི་ནང་འགྲན་བསྡུར་གནང་མཁན་མེད་པའི་གནས་སྟངས་ཤིག་ཆགས་པ་རེད། སྐབས་གསུམ་པའི་དུས་སུ་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱས་པའི་ནང་སྔོན་འགྲོའི་འོས་གཞི་མི་དྲུག་ཁྱབ་བསྒྲགས་བྱས་པའི་ནང་ནས་དགོངས་པ་ཞུ་མཁན་མེད་ན་ཚང་མ་དངོས་གཞིའི་ནང་གཏོང་གི་ཡིན་གསུངས་ཡོད་པ་རེད། རྗེས་སུ་གསུམ་དགོངས་པ་ཞུས་ནས་གསུམ་ལྷག་པ་དེ་བཏང་བ་རེད། ད་ལན་དངོས་གཞིའི་འོས་འགྲན་ནང་མི་གཉིས་མ་གཏོགས་གཏོང་གི་མིན་གསུངས་དགོས་པའི་རྒྱབ་ལྗོངས་དང་རྒྱུ་མཚན་གཙོ་བོ་དེ་ག་རེ་ཡིན་ནམ།
ལན། འོས་བསྡུའི་འགན་འཛིན། དེ་༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་རྫོགས་པ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས་སུ། མི་མང་གིས་སོ་སོའི་ཆབ་སྲིད་ཀྱི་འགོ་ཁྲིད་འོས་འདེམས་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་སྟབས། སྔོན་མ་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་དགོངས་གཞི་དང་བཀའ་སློབ་དེ་འདྲ་གནང་ཡོད་ཀྱང། བཅའ་ཁྲིམས་ལ་འགྱུར་བ་སོང་ཡོད་པ་མ་རེད། བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་དེ་༢༠༡༡ ལོའི་ཕྱི་ཟླ་༥ པའི་ནང་ཡིན་པས། དེའི་གོང་དུ་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པ་ཐེངས་གསུམ་པ་དེ་ཆགས་བསྡད་ཡོད་པ་རེད། ད་ལྟའི་འོས་བསྡུ་ཆེན་མོ་དེ་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་སོ་སོས་ཐད་ཀར་ཆབ་སྲིད་ཀྱི་དབུ་ཁྲིད་འདེམས་པ་ཐེངས་དང་པོ་དེ་ཆགས་ཡོད་ཙང། ཐེངས་དང་པོ་དེ་ལ་སྒྲིག་གཞིའི་ནང་དུ་གཉིས་ལས་མ་ཉུང་བ་ཞིག་དགོས་ཞེས་གསལ་བ་བཞིན་དབུས་འོས་བསྡུ་ལས་ཁང་ནས་གཉིས་དེ་ངེས་པར་དུ་འདོན་དགོས་ཀྱི་ཡོད་པ་རེད། དེའི་རྒྱབ་ལྗོངས་དེ་ཡང་གོང་དུ་ཞུས་པ་ནང་བཞིན་མི་མང་གི་མང་མོས་ཚད་མཐོན་པོ་ཞིག་ཡོང་བ་བྱེད་རྒྱུ་ལ། འོས་གཞི་གཉིས་ཤིག་བཏོན་པ་ཡིན་ན་མང་མོས་ཚད་མཐོན་པོ་ཞིག་ཏན་ཏན་ཡོང་གི་རེད་བསམ་པའི་རེ་བ་དེ་དང། མི་མང་གི་འགོ་ཁྲིད་དེ་མང་མོས་ཚད་མཐོན་པོ་ཡོང་ཐུབ་པ་ཞིག་བྱུང་ན་འགོ་ཁྲིད་ཚད་དང་ལྡན་པ་ཆགས་ཐུབ་པའི་རེ་བ་དང་དམིགས་ཡུལ་གྱི་ཐོག་ནས་འོས་གཞི་མི་གཉིས་འདོན་རྒྱུ་ཡིན་ཞེས་ཐག་གཅོད་བྱས་པ་ཞིག་ཆགས་བསྡད་ཡོད་པ་རེད།

དྲི་བ། སྤྱིར་སྒྲིག་གཞིའི་ནང་འོས་གཞིའི་ནང་མི་ག་ཚོད་ཡོད་ཀྱང་དེའི་ནང་ནས་མང་མོས་ཐོབ་པ་ཡིན་ན་འགྲིག་གི་ཡོད་པ་རེད། དེ་ལ་བརྒྱ་ཆ་མི་དགོས་པ་རེད། འོན་ཀྱང་འོས་བསྡུ་ལས་ཁང་གི་ངོས་ནས་འོས་གཞིའི་ནང་དུ་མི་གཉིས་གཅིག་པུ་བཏང་ནས་མང་མོས་ཚད་མཐོན་པོ་ཡོང་ཐབས་བྱས་པ་དང། འོས་གཞི་ག་ཚད་ཡོད་མེད་ལ་མ་ལྟོས་པར་མི་མང་རང་གིས་ཚད་མཐོན་པོའི་ཐོག་ནས་རྒྱབ་སྐྱོར་ཐོབ་པ་གཉིས་ལ་ཁྱད་པར་དང་གལ་གནད་ག་འདྲ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།
ལན། འོས་བསྡུའི་འགན་འཛིན། དེ་སྔའི་ལམ་ལུགས་ནང་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་གཞིའི་ནང་མི་གསུམ་བཏོན་ཡོད་པ་དང། དེ་གཞི་རྩ་ལ་བཞག་ཡོང་དུས་གཉིས་པ་དང་གསུམ་པའི་བར་ལ་འོས་ཐོབ་ཀྱི་བརྒྱ་ཆ་དེ་ཉི་ཤུ་ལས་ཉུང་བ་ཡོད་ན་གསུམ་འདོན་རྒྱུ་ཡིན་ཞེས་ཐག་གཅོད་བྱས་པ་དེ། མི་མང་གི་འདོད་པ་དང། འོས་ཤོག་གི་གྲུབ་འབྲས་གཞི་རྩར་བཞག་ནས་གཏན་འབེབས་བྱས་པ་ཞིག་རེད།

དྲི་བ། གསུམ་པ་དང་གཉིས་པའི་བར་གྱི་འོས་ཐོབ་ཀྱི་བརྒྱ་ཆ་ཞེས་པ་དེ་འོས་གྲངས་མཐོ་ཤོས་གཉིས་པ་དེའི་འོས་ཐོབ་ཀྱི་བརྒྱ་ཆ་རེད་དམ། སྤྱིའི་བརྒྱ་ཆ་རེད།
ལན། འོས་བསྡུའི་འགན་འཛིན། ལགས་རེད། དེ་འོས་གྲངས་མཐོ་ཤོས་གཉིས་པ་དེའི་འོས་ཐོབ་ཀྱི་བརྒྱ་ཆ་རང་ལ་གོ་དགོས་པ་རེད།

དྲི་བ། དེང་སྐབས་སྐད་ཆ་གོ་བསྡད་པ་ཞིག་ལ་འོས་འཕེན་པ་གང་ཞིག་གིས་སོ་སོས་སྲིད་སྐྱོང་གི་འོས་ཤོག་འཕངས་རྗེས་པར་བརྒྱབ་ནས་ངོ་དེབ་སོགས་སུ་བཀྲམ་པར་བརྟེན། འོས་ཤོག་རྩིས་མེད་གཏོང་དགོས་པ་རེད་ཅེས་དྷ་རམ་ས་ལ་རུ་དབུས་འོས་བསྡུ་ལས་ཁང་ནས་བཀའ་ཡིག་ཅིག་གནང་བ་རེད་ཟེར་གྱི་འདུག སྔ་རྗེས་སུ་ས་གནས་འོས་བསྡུའི་འགན་འཛིན་ལ་དྲི་བ་ཞུ་རྒྱུའི་ཐབས་ཤེས་བྱས་ཀྱང་གནས་ཚུལ་དེ་བདེན་པ་རེད། འོན་ཀྱང་ང་ཚོ་ལ་ལན་འདེབས་གང་ཡང་མེད། དབུས་ལ་དྲིས་ཞེས་ལན་འདེབས་བྱས་མ་སོང། དེ་ལྟར་རྩིས་མེད་གཏོང་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས། (གཤམ་དུ་འགན་འཛིན་ལས་འཕར་ཞེས་འབྲི་རྒྱུ་ཡིན།) དེའི་རྒྱབ་ལྗོངས་དང་རྒྱུ་མཚན་དེ་འོས་གྲངས་བཤེར་བྱེད་པའི་སྐབས་སུ་འོས་ཤོག་རྩིས་མེད་གཏོང་དགོས་པའི་ཆ་རྐྱེན། ཀ་པ་ནས་ཆ་པའི་བར་དུ་ཡོད་པ་རེད། ཀ་པ་དེའི་ནང་དུ་ག་རེ་གསལ་ཡོད་པ་རེད་ཅེ་ན། འོས་ཤོག་ངོས་སུ་འོས་འཕེན་པ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ། མི་མིང་འཁོད་པ། ཞེས་གསལ་བ་བཞིན། སོ་སོ་ངོ་རྟགས་ཟིན་པའི་ཆེད་དུ་རྟགས་བརྒྱབ་པ་དང། མིང་འཁོད་པ་ཡིན་ན་དེ་རྩིས་མེད་དུ་གཏོང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། སོ་སོས་ངས་འོས་འདི་ལ་འཕངས་པ་ཡིན་ཞེས་རྟགས་བརྒྱབ་པ་དང། མིང་འཁོད་པ་དེ་རྩིས་མེད་གཏོང་དགོས་ཀྱི་ཡོད་ན། དྲ་ལམ་ཁག་ཏུ་ངས་འོས་ཁོང་ལ་འཕངས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་ཡིན་ནའང་དོན་ཚན་དེ་དང་གཅིག་མཚུངས་ཆགས་ཡོད་པ་སོང་ཙང་རྩིས་མེད་གཏོང་དགོས་པའི་རྒྱུ་མཚན་དེ་ལ་བརྟེན་ནས་བྱུང་ཡོད་པ་རེད།

དྲི་བ། འགྲེལ་བརྗོད་དེ་རིགས་འགྲེ་ཙམ་མ་གཏོགས་ཁྲིམས་སྒྲིག་གཞིའི་དགོངས་དོན་དང་མཐུན་པ་ཞིག་ཏུ་རྩ་བ་ཉིད་ནས་མཐོང་གི་མི་འདུག གལ་སྲིད་དེ་འདྲ་ཡིན་པ་ཡིན་ན། སྐབས་སྔོན་མ་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་བསྡུའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཡིན་བཞིན་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས། འོས་ཤོག་བླུགས་པའི་དེ་མ་ཐག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་ཡོངས་ཁྱབ་ཐོག་ངས་འོས་ཤོག་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་བླུགས་ཡོད་ཅེས་གསུངས་པ་རེད། དེ་འདྲ་བཤད་སྟངས་དེ་ང་ཚོའི་གནས་ཡུལ་རྒྱ་གར་སོགས་སུ་འགྲོ་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ད་ལན་འོས་བསྡུའི་ནང་དུའང་དེ་ལྟར་བརྗོད་མཁན་མང་པོ་བྱུང་ཡོད་པ་རེད། ད་ལྟ་ཁྱེད་ཀྱིས་ལུང་དྲངས་པའི་སྒྲིག་གཞི་དེའི་གོ་དོན་འོས་ཤོག་རང་གི་ནང་དུ་རྟགས་དང་མིའི་མིང་སོགས་འཁོད་ཡོད་ན་རྩིས་མེད་གཏོང་དགོས་པ་གསལ་ཡོད་ཀྱང། སྤྱིར་གསང་བ་བྱེད་དང་མི་བྱེད་ཀྱི་གནད་དོན་དེ་སྒེར་ངོས་ཀྱི་གནད་དོན་ཞིག་ཆགས་ཡོད་སྟབས། འོས་བསྡུ་ལས་ཁང་ནས་དེ་རྩིས་མེད་བཏང་བ་དེ་ཏག་ཏག་ཅིག་བསྡད་མི་འདུག་བསམ་གྱི་འདུག་ལ། སྐབས་སྔོན་མ་དེ་འདྲ་རྩིས་མེད་བཏང་བ་བྱུང་མི་འདུག ད་ལྟ་གོ་བ་ལྟར་ན་ས་གནས་གཅིག་ཏུ་མི་གཅིག་རྩིས་མེད་བཏང་བ་ལས་གཞན་མང་པོ་ཡོད་པ་དེ་དག་རྩིས་མེད་བཏང་ཡོད་དམ།

ལན། འོས་བསྡུའི་འགན་འཛིན་ལས་འཕར། ཁྱེད་རང་གིས་གསུངས་པ་བཞིན་སྒྲིག་གཞིའི་ངོ་གདོང་གི་ནང་དུ་པར་བརྒྱབ་པ་ཟེར་བ་དེ་ཏན་ཏན་ཡོད་པ་མ་རེད། སྤྱིར་ང་ཚོས་དགག་བྱ་ག་རེ་རེད། དེ་གཅིག་བལྟ་དགོས་པ་རེད། འདིའི་ནང་སོ་སོའི་མིང་འགོད་མི་ཆོག་པ་དང། རྟགས་རྒྱག་མི་ཆོག་ཅེས་པའི་དགག་བྱ་ག་རེ་རེད། གང་ལྟར་ངས་འོས་འཕངས་པ་ཡིན་ཞེས་ཕ་རོལ་པོ་ལ་ངོ་རྟགས་ཟིན་པ་ཞིག་བྱེད་མི་ཆོག་པ་དེ་སྐབས་འདིའི་སྒྲིག་གཞི་འདིའི་ངོ་གདོང་གི་དགག་བྱ་ཆགས་བསྡད་ཡོད་པ་རེད། དགག་བྱ་དེ་ཡིན་པ་ཡིན་ན་ཐག་གཅོད་དེར་རྒྱུ་མཚན་ཏག་ཏག་བསྡད་ཡོད་པ་ཞིག་རེད། ང་ཚོས་རྒྱུ་མཚན་དེ་ལ་བརྟེན་ནས་རྩིས་མེད་བཏང་བ་ཞིག་རེད། དེ་དང་རྒྱུ་མཚན་གཅིག་མཚུངས་ཡིན་པ་མི་གཅིག་ཙམ་མ་རེད། ས་གནས་ཚང་མ་ནས་རྩིས་མེད་བཏང་བ་ལྔ་དྲུག་ཅིག་ཡིན་པ་ཡོད། མ་འོངས་པར་ཡང་མུ་མཐུད་དེ་འདྲ་འགྲོ་དགོས་པའི་ལམ་སྟོན་བྱས་བཞག་པ་ཞིག་ཆགས་ཡོད།

དྲི་བ། རྒྱུ་མཚན་དེ་རང་གི་ཐོག་ནས་གསུང་གི་ཡོད་པ་ཡིན་ན། ངས་གོང་དུ་ཞུས་པའི་མི་གཅིག་གི་དཔེ་མཚོན་དེ་རེད། སྤྱི་ཡོངས་ནས་མང་གཙོའི་ལམ་ལུགས་དང་མཐུན་གྱི་ཡོད་པ་རེད་དམ་མ་རེད། གནད་འགག་ཆེ་ཤོས་དེ། འོས་འཕེན་མཁན་གང་ཟག་ཁོ་རང་གི་ངོས་ནས་གསང་བ་བྱེད་དགོས་པ་ཞིག་ཡིན་ན་དེའི་གསང་བ་སྲུང་སྐྱོབ་བྱེད་དགོས་པ་དེ་གནད་འགག་ཆེན་པོ་རེད། སྒྲིག་གཞིའི་ནང་འཁོད་པ་དེ་འགེངས་ཤོག་ནང་རྟགས་དང། མིང་སོགས་འགོད་ཆོག་དང་མི་ཆོག་གི་གནད་དོན་ཡིན་པ་ལས། འོས་ཤོག་དེ་ཚད་དང་ལྡན་པ་ཞིག་བཀང་ཡོད་ན་དེ་གང་དུ་བཀྲམ་ཆོག་མིན་སོགས་གསལ་པོ་མེད་པ་ཡིན་དུས། འོས་བསྡུུ་ལས་ཁང་གི་ཐག་གཅོད་དེ་མང་གཙོ་དང་མཐུན་པ་ཞིག་ཆགས་ཡོད་པ་རེད་དམ་མ་རེད།
ལན། འོས་བསྡུའི་འགན་འཛིན་ལས་འཕར། འོས་བསྡུའི་སྒྲིག་གཞིའི་ནང་དུ་གསལ་བ་དེ་མང་གཙོ་དང་མཐུན་པ་ཆགས་ཡོད་ན། ཐག་གཅོད་དེ་ཡང་མང་གཙོ་དང་མཐུན་པ་ཆགས་ཡོད་པ་རེད་ཞུ་རྒྱུ་ཡིན།

དྲི་བ། འོས་བསྡུའི་སྒྲིག་གཞིའི་ནང་གསལ་བ་བཞིན། དངོས་སུ་འོས་བསྡུ་མ་བྱས་པའི་ཉིན་གཉིས་ཀྱི་མཚམས་ནས་ཁྱབ་བསྒྲགས་བྱེད་པ་སོགས་མཚམས་འཇོག་བྱེད་དགོས་པ་རེད། ས་གནས་ཁག་ནས་གྱང་སྦྱར་གྱི་ཁྱབ་བསྒྲགས་ཀྱི་ཤོག་བུ་ཡང་འགོག་གི་ཡོད་པ་རེད། དེ་འགྲོ་སྟངས་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་མི་ཧ་ཅང་གནད་ཡོད་དེ་འདྲས་མི་མང་ཕོན་ཆེ་འཛོམས་ས་ལ་འོས་སང་ཉིན་འཕེན་རན་པ་རེད། ༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་ལ་འོས་འཕངས་པ་ཡིན་ན་ཞབས་འདྲེན་རེད་ཅེས་གསུངས་པ་དེ་འདྲའི་གློག་བརྙན་ཡོད་པ་རེད། དེ་ལ་འོས་བསྡུ་ལས་ཁང་གི་ངོས་ནས་ཁྲིམས་དང་མཐུན་པ་ཞིག་ལ་བརྩི་ཡི་ཡོད་དམ། ལུགས་དང་མཐུན་པ་ཞིག་ལ་བརྩི་ཡི་ཡོད་དམ། ཡང་ན་དམིགས་བསལ་ཞིག་ལ་བརྩི་ཡི་ཡོད།
ལན། འོས་བསྡུའི་འགན་འཛིན། དྲི་བའི་ནང་གསལ་བ་བཞིན་ཁྱབ་བསྒྲགས་དེ་དག་འོས་དངོས་སུ་མ་བླུགས་པའི་ཉིན་གཉིས་ཀྱི་སྔོན་ལ་མཚམས་བཞག་དགོས་པ་རེད། དེ་ཡང་འོས་གཞི་ལ་བཞེངས་མཁན་སོ་སོས་མང་ཚོགས་ལ་བསམ་ཚུལ་འགྲེལ་བཤད་རྒྱག་རྒྱུ་དང། ཁྱབ་བསྒྲགས་བྱེད་པ། ལྟ་བ་ལངས་ཕྱོགས་ཀྱི་འགྲེལ་བཤད་རྒྱག་རྒྱུ་སོགས་འོས་དངོས་སུ་འཕེན་པའི་ཉིན་གཉིས་ཀྱི་སྐབས་ནས་མཚམས་འཇོག་དགོས་པ་རེད་ལ། དེ་བཞིན་རྒྱབ་སྐྱོར་གནང་མཁན་ཚོའི་ངོས་ནས་ཀྱང་དེ་ལྟར་མཚམས་འཇོག་དགོས་པ་རེད། དེ་སྒྲིག་གཞིའི་ནང་དུ་གསལ་ཁ་ཡོད་པ་ཡིན་དུས། ད་ལན་དྲི་བ་གནང་བ་དེ་སྒྲིག་གཞི་འདི་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད། དེ་སྤྱི་ཡོངས་ཀྱི་ལམ་སྟོན་སློབ་གསོའི་ཚུལ་དུ་གནང་བ་མ་གཏོགས་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཞིག་ཏུ་ང་ཚོས་ངོས་འཛིན་བྱེད་ཀྱི་མེད་ཅེས་ཞུ་རྒྱུ་ཡིན།

དྲི་བ། དེ་འདྲ་ཡིན་ན་ད་ལྟ་གསུང་མཁན་དེ་གནད་ཡོད་མི་སྣ་གཅིག་རེད། མ་འོངས་པར་དཔེ་འདི་ལ་བལྟས་ནས་གནད་ཡོད་མི་སྣ་མང་པོས་སང་ཉིན་འོས་ཤོག་བླུག་རན་པའི་དེ་རིང། མི་ཁོ་དང་ཁོ་ལ་འོས་བླུག་རྒྱུ་ཡོད་པ་མ་རེད་ཅེས་གསུངས་པ་ཡིན་ན། འོས་བསྡུའི་འགན་འཛིན་རྣམ་པས་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་མེད་པ། ལམ་ལུགས་སྲོལ་དང་མཐུན་པ་ཞིག་ལ་ངོས་འཛིན་གནང་གི་ཡིན་ནམ།
ལན། འོས་བསྡུའི་འགན་འཛིན། ད་ལྟའི་གནད་དོན་དེ་མིའི་མིང་འབོད་བྱས་ནས་འདི་དང་འདི་ལ་འོས་བླུག་ན་འགྲིག་གི་མེད་པའི་འགྲེལ་བརྗོད་གནང་བ་ཡིན་ན། དེ་ཁོ་རང་གནད་དོན་གཅིག་རེད། སྤྱི་ཡོངས་ནས་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་བྱེད་མཁན་ལ་འོས་ཤོག་བླུགས་ན་འགྲིག་གི་མེད་ཚུལ་གསུངས་པ་དེ། སྤྱི་ཡོངས་ཀྱི་དགོངས་འཆར་ཞིག་ལ་ངོས་འཛིན་བྱེད་དགོས་པ་རེད་མ་གཏོགས། མིའི་མིང་སྨྲོས་ནས་དེ་ལ་འོས་ཤོག་བླུག་རྒྱུ་ཡོད་པ་མ་རེད་ཟེར་ན་ཏག་ཏག་བསྡད་མེད་པ་མ་གཏོགས། མ་འོངས་པར་འདི་རིགས་འགྲེ་དང་མིག་དཔེ་ཆགས་རྒྱུའི་ངེས་པ་གང་ཡང་ཡོད་པ་མ་རེད་ཞུ་རྒྱུ་ཡིན།

དྲི་བ། ང་རང་ཚོ་བོད་པས་བསམ་བློ་གཏོང་སྟངས་གཅིག་དང། ཕྱིའི་མིའི་ངོས་ནས་བསམ་བློ་གཏོང་སྟངས་མི་འདྲ་བ་ཡིན་དུས་བཙན་བྱོལ་བོད་མི་དེ་ཚོ་འཛམ་བུའི་གླིང་དུ་འཐོར་ནས་བསྡད་ཡོད་སྟབས། མི་གནད་ཡོད་ཅིག་གིས་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་བྱེད་མཁན་ཞིག་ལ་འོས་བླུག་རྒྱུ་ཡོད་པ་མ་རེད་ཅེས་གསུངས་པ་དེ། འོས་བསྡུ་ལས་ཁང་གི་ངོས་ནས་མང་གཙོ་དང་མཐུན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་མང་གཙོ་དང་མི་མཐུན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད།
ལན། འོས་བསྡུའི་འགན་འཛིན། དེ་མང་གཙོ་དང་མཐུན་པ་ཟེར་བ་དེ། དཔེར་ན་སྐད་ཆ་དེ་བཤད་ཆོག་གི་མ་རེད་ཅེས་ལབ་པ་ཡིན་ན་དེ་མང་གཙོའི་ལམ་ལུགས་ཐོག་ནས་གཏམ་བརྗོད་ཀྱི་རང་དབང་འགོག་གི་འདུག་ཅེས་བརྗོད་ཡོང་གི་རེད། བྱས་ཙང་དོ་བདག་སོ་སོས་འགན་ཁུར་བའི་ཐོག་ནས་གཏམ་བཤད་གནང་བ་དེ་ང་ཚོའི་ངོས་ནས་མང་གཙོ་དང་འགལ་ཟླ་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད།

དྲི་བ། བཀའ་སློབ་གནང་དང་མི་གནང་ཟེར་བ་དེ་ཁ་ཁ་རེད། གལ་སྲིད་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་མཁན་ཞིག་འོས་གཞིའི་ནང་ཡོད་པའི་དབང་དུ་བཏང་ན། དེ་ལ་འོས་ཤོག་བླུག་ཆོག་དང་མི་ཆོག། དེ་ལ་འོས་ཤོག་བླུག་པའི་དབང་དུ་བཏང་ན་དེ་མང་གཙོ་དང་མཐུན་གྱི་ཡོད་དམ་མེད།
ལན། འོས་བསྡུའི་འགན་འཛིན། དེ་འོས་ཤོག་བླུག་མཁན་དོ་བདག་ཁོ་རང་གི་རང་དབང་རེད། ཁོ་རང་གི་འདོད་མོས་གཞིར་བཟུང་འོས་འཕངས་པ་ཡིན་ན་དེ་མང་གཙོ་དང་མཐུན་པ་ཞིག་ཏུ་གྱུར་ཡོད་པ་རེད།

དྲི་བ། སྲིད་སྐྱོང་འོས་མི་གཅིག་གིས་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་སྐུར་འདེབས་བྱེད་མཁན་ཞིག་དང་མཉམ་དུ་སྡིངས་ཆ་གཅིག་ཏུ་སྐད་ཆ་བཤད་ཀྱི་མིན། རྒྱུད་སྨད་གྲྭ་ཚང་གི་ངོས་ནས་དེ་ལྟར་བྱེད་མཁན་དེ་ཚོ་འགོག་རྒྱུའི་ཐག་གཅོད་བྱས་འདུག དེ་ཧ་ཅང་གི་ཡག་པོ་རེད་ཅེས། སེ་ར་དང། འབྲས་སྤུངས། དགའ་ལྡན་སོགས་སུ་གསུངས་པ་བྱུང་འདུག ངས་བལྟས་ན་གནད་དོན་དེ་དང་འབྲེལ་བ་ཡོད་པ་ཞིག་འོས་བསྡུའི་སྒྲིག་གཞིའི་ནང་གསལ་པོ་ཡོད་པ་རེད་བསམ་གྱི་ཡོད། འོན་ཀྱང་འོས་བསྡུ་ལས་ཁང་གི་ངོས་ནས་དེ་ལ་གཟིགས་ཚུལ་ག་རེ་ཡོད་དམ།
ལན། འོས་བསྡུའི་འགན་འཛིན། གནད་དོན་དེའི་སྐོར་ལ་ང་ཚོས་འགྲེལ་བཤད་ཏན་ཏན་ཞུས་ཡོད་པ་རེད། དེའི་རིགས་དེ་ཆོག་དང་མི་ཆོག་ཅེས་པ་འོས་བསྡུའི་སྒྲིག་གཞིའི་ནང་གསལ་ཁ་དོད་པ་ཞིག་གང་ཡང་ཡོད་པ་མ་རེད། སྒྲིག་གཞིའི་ནང་དབུས་འོས་བསྡུ་ལས་ཁང་ལ་འགན་དབང་གནང་བའི་ནང་དྲིལ་བསྒྲགས་བྱས་པ་དེ་དག་གི་ཐོག་ལ་ལམ་སྟོན་དགོས་པ་རེད་ཅེས། སྒྲིག་གཞི་དོན་ཚན་༢༩ པའི་ནང་གསེས་༩ པའི་ནང་དེ་འདྲ་ཞིག་འཁོད་ཡོད་པ་རེད། དེ་གཞི་རྩར་བཟུང་ནས་དབུས་འོས་བསྡུ་ལས་ཁང་ནས་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ཐོག་ལ་ལམ་སྟོན་བྱས་པ་དེའི་ནང། དེ་འདྲའི་ཐོག་ལ་ལམ་སྟོན་བྱུང་ཡོད་པ་མ་རེད། དེ་ཡིན་དུས་ང་ཚོས་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད། གཉིས་པ་དེ་ལ་སྒྲིག་གཞིའི་ནང་དུ་དེ་འདྲ་ཞིག་མེད་པ་ཡིན་དུས་སློབ་གྲྭ་དང། དགོན་པ་སོགས་ཁོངས་སོ་སོ་ནས་འགན་ལེན་དགོས་པ་ཞིག་དང། རང་དབང་ཡོད་པ་ཞིག་ཡིན་དུས་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཞིག་ཏུ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད།

དྲི་བ། དྲི་བ་ངོ་མ་དེ་ཁོངས་སོ་སོ་ནས་བཀག་དང་མི་འགོག་ཟེར་བ་དེ་ཁོངས་སོ་སོ་ལ་རང་དབང་ཡོད་པ་ཞིག་ཏུ་ངས་ཀྱང་ངོས་འཛིན་བྱེད་བཞིན་ཡོད། སྡེ་ཚན་སོ་སོ་ནས་བཀག་བཞག་པ་དེ་དྲང་བདེན་དང་འདྲ་མཉམ་ཞེས་པའི་སྐད་ཆ་དེ་ཁ་ཁ་རེད་མ་གཏོགས་གཞན་སྡེ་ཚན་སོ་སོའི་འགན་དབང་དང་ཐོབ་ཐང་ཡིན་པ་དེ་གསལ་པོ་རེད། འོན་ཀྱང་འོས་མི་བྱེ་བྲག་པ་གཅིག་གིས་མི་འདི་ལྟ་བུ་ཡོང་མ་བཅུག་པ་དེ་ཡག་པོ་རེད་ཅེས། ག་ས་གང་དུ་བཤད་ནས་སོང་བསྡད་པ་དེ་རང་བཞིན་གྱིས་རྒྱུད་སྐུལ་བྱས་པ་ལྟ་བུ་ཆགས་འགྲོ་གི་འདུག དེའི་ངོས་ནས་སྒྲིག་གཞི་དང་འགལ་ཡོད་དམ་མེད་ཅེས་ཞུ་རྒྱུ་ཡིན།
ལན། འོས་བསྡུའི་འགན་འཛིན། འོས་མི་བྱེ་བྲག་པ་དེས་ཁོ་རང་གི་སྨྲ་བརྗོད་རང་དབང་དེ་བེད་སྤྱོད་བཏང་ཡོང་དུས་མཐའ་གཅིག་ཏུ་འོས་བསྡུའི་སྒྲིག་གཞི་དང་འགལ་འདུག་ཅེས་ངོས་འཛིན་ཞུ་བདེ་པོ་ཞིག་ཡོད་པ་མ་རེད། འགལ་བ་རེད་ཅེས་ང་ཚོས་མཛུབ་མོ་འཛུགས་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད།

དྲི་བ། གོང་དུ་སྐུ་ངོས་ལུང་དྲངས་པ་བཞིན་འོས་བསྡུའི་སྒྲིག་གཞིའི་ནང་དུ་འགྲོ་སོང་གཏོང་ཕྱོགས་སོགས་འོས་བསྡུ་ལས་ཁང་ལ་འགན་ཞིག་བསྐུར་ཡོད་པ་རེད། དེའི་ནང་དུ་འོས་བསྡུ་ལས་ཁང་ནས་འགྲོ་སོང་གཏོང་ཕྱོགས་ཀྱི་ཐད་ནས་སྲིད་སྐྱོང་གི་འོས་མིར་ལངས་མཁན་ཞིག་ནས་ཧིན་སྒོར་འབུམ་བརྒྱད་དང། སྤྱི་འཐུས་ཤིག་ཡིན་ན་ཧིན་སྒོར་འབུམ་གསུམ་གཏོང་ཆོག་པ་གཏན་འབེབས་གནང་ཡོད་པ་རེད། ང་ཚོའི་གནས་ཡུལ་རྒྱ་གར་ལྟ་བུར་མཚོན་ན་འོས་གཞིར་ཞུགས་པའི་སྐབས་སུ་མི་དེའི་རྒྱུ་ནོར་ཁ་དབང་གང་ཡོད་གསལ་སྟོན་དགོས་པ་དེ་གལ་ཆེན་པོར་བརྩི་ཡི་ཡོད་རེད། ང་ཚོར་དེ་འདྲ་གང་ཡང་མེད་ཡོང་དུས་འོས་མི་དེའི་དཔལ་འབྱོར་གྱི་ཡོང་ཁུངས་གང་ནས་ཡོང་མིན་དེ་གསལ་པོ་ཧ་གོ་ཐུབ་པ་ཞིག་མ་རེད། དང་པོ་འོས་མི་དེའི་དཔལ་འབྱོར་གྱི་ཡོང་ཁུངས་དང། དཔལ་འབྱོར་གྱི་གནས་བབས་དེ་ཤེས་ཟིན་པའི་རྗེས་ལ་འགྲོ་སོང་བཏང་བ་དེ་དག་གཙང་མ་ཡང་དག་པ་ཞིག་ཆགས་ཐུབ་ཀྱི་ཡོད་རེད། དེ་འདྲ་མེད་དུས་ད་ལོའི་གཏན་འབེབས་དེས་དོན་དངོས་ལ་ཕན་ཐོགས་ག་ཚོད་ཡོད་དམ།

ལན། འོས་བསྡུའི་འགན་འཛིན། དབུས་འོས་བསྡུ་ལས་ཁང་ལ་སྒྲིག་གཞིའི་ཐོག་ནས་འགན་དབང་ཞིག་བསྐུར་ཡོང་བ་དང། ལས་དོན་དེ་གསར་པ་ཆགས་ཡོད་པ་རེད། དེར་བརྟེན་ད་ལྟ་བཤད་པ་ནང་བཞིན་ཆ་ལག་ཡོངས་སུ་ཚང་བ་ཞིག་ཡོང་ཡོད་པ་རེད་ཅེས་གདེང་ཚོད་དང་ལྡན་པའི་ཐོག་ནས་ཞུ་ཐུབ་ཀྱི་ཡོད་པ་མ་རེད། གནད་དོན་དང་པོ་ཆགས་ཡོང་དུས་སྐྱོན་གནད་ཀྱི་རིགས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བྱུང་བ་ཡིན་ན་མ་འོངས་པར་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་ཐུགས་ཕན་སོས་པ་གཅིག་དང། ད་ལྟའི་གནད་དོན་དེའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱི་ནང་དུ་འོས་བསྡུའི་འགྲོ་སོང་གཏོང་ཕྱོགས་སོགས་ཕྱི་གསལ་ནང་གསལ་བྱེད་དགོས་ཀྱི་ཡོད་པ་ཞིག མང་གཙོའི་འགྲོ་ལུགས་བཞིན་གནས་སྟངས་དེ་མི་མང་ལ་གོ་རྟོགས་སྤེལ་ཐུབ་པ་ཞིག་བྱུང་ན་མ་གཏོགས། གཞན་དེ་ཚད་འཛིན་བྱེད་ཕྱོགས་ཚན་རིག་དང་མཐུན་པ་ཞིག་ཆགས་ཡོད་མེད་དགོངས་པ་བཞེས་ཐུབ་ཡོད་པ་མ་རེད་ལ། མ་འོངས་པར་སྐྱོན་གནད་ཀྱི་རིགས་ངོས་ཟིན་པའི་ཐོག་ནས་རིམ་པས་ཡར་རྒྱས་གཏོང་བར་ཕན་ཐོགས་ཡོད་པ་རེད།

དྲི་བ། སྔོན་མ་ཡིན་ན་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་བཀྲམ་ཕྱོགས་སྐོར་ལ་གཉིས་ལྡབ་ལས་མ་ཉུང་བ་ཞིག་དགོས་ཞེས་གསལ་ཡོད་པ་རེད། སྐབས་སོ་སོར་ཆོལ་ཁའི་འོས་ཁོངས་སུ་མི་༢༡ དང། ༢༣ སོགས་མི་འདྲ་བ་བཏང་བ་དེ་འདྲ་བྱུང་ཡོད་པ་རེད། སྐབས་སོ་སོར་སྤྱི་ཚོགས་ནང་འོས་བསྡུའི་འགན་འཛིན་དང་འབྲེལ་ཡོད་ཡིན་པ་དང། འགན་འཛིན་ལས་འཕར་དང་འབྲེལ་ཡོད་ཡིན་པ་སོགས་ལ་བརྟེན་ནས་གྲངས་ཚད་རྒྱས་བཅད་བྱས་ཚུལ་གྱི་གླེང་ཕྱོགས་ཡོད་པ་རེད། དེར་བརྟེན་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་བཏང་ནས་ཉིས་ལྡབ་རང་གཏོང་དགོས་པ་ཆགས་ཡོད་པ་རེད། སྲིད་སྐྱོང་གི་འོས་གཞིར་ཡང་གླེང་ཕྱོགས་འདྲ་མིན་ཡོད་པས་དེ་ལྟ་བུའི་རྒྱས་བཅད་ཅིག་སྒྲིག་གཞིའི་ནང་དགོས་པ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།

ལན། འོས་བསྡུའི་འགན་འཛིན། དེ་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད། དྲི་བའི་ནང་དུ་ལུང་དྲངས་པ་བཞིན་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་གཏོང་ཕྱོགས་ཀྱི་སྒྲིག་གཞིར་འགྱུར་བ་བཏང་ནས་ཉིས་ལྡབ་ཅེས་ཐག་ཆོད་ཡོད་པ་རེད། དེའི་ཐོག་ལ་དང་བླངས་བྱེད་མཁན་ཡོད་ན་དེ་སྣོན་རྒྱུ་དེ་འོས་བསྡུ་ལས་ཁང་ལ་སྟབས་བདེ་པོ་ཆགས་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་གཞིའི་ནང་དུ་དེ་ལྟ་བུ་ཞིག་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོས་ནས་བསྐྱར་བཅོས་གནང་བ་ཡིན་ན། འོས་བསྡུ་ལས་ཁང་གི་ངོས་ནས་ལས་ཀ་བྱེད་སྟབས་བདེ་པོ་དང། མང་ཚོགས་ཀྱི་ནང་དུའང་བསམ་ཚུལ་འདྲ་མིན་མི་ཡོང་བའི་ཆེད་དུ་ཏན་ཏན་དགེ་མཚན་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག
འོས་བསྡུའི་འགན་འཛིན་ལས་འཕར། སྤྱི་འཐུས་རྣམ་པ་ཡིན་ན་འོས་གཞི་འདོན་ཕྱོགས་འོས་བསྡུའི་སྒྲིག་གཞིའི་ནང་གསལ་བསྡད་པ་དེ་ག་རང་རེད། སྲིད་སྐྱོང་གི་འོས་གཞི་འདོན་ཕྱོགས་ཀྱི་སྐོར་ལ་གསལ་ཁ་མེད་དུས་ང་ཚོས་དེའི་ཐོག་ལ་ཐག་གཅོད་ཅིག་བྱས་པ་རེད། གསར་ལམ་ཁ་ཤས་ཀྱིས་དེ་སྒྲིག་གཞི་གསར་པ་བཟོས་རེད་ཟེར་བ་ལྟ་བུ་ཤོད་ཡོང་གི་འདུག དེ་སྒྲིག་གཞི་གསར་པ་མ་ཡིན་པར་ཐག་གཅོད་ཅིག་ཡིན་པ་དེ་ཚང་མས་མཁྱེན་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོས་ཐག་གཅོད་ག་འདྲ་བྱས་པ་རེད་ཟེར་ན། སྒྲིག་གཞིའི་ནང་གཉིས་ལས་མི་ཉུང་བ་ཞེས་གསལ་ཡོད་པས་ཚིག་དེ་རང་ལ་བཟུང་ནས་གཉིས་འདོན་རྒྱུ་བྱས་པ་རེད། འོན་ཀྱང་མི་མང་གིས་འོས་བླུགས་ནས་འོས་གཞིི་གཉིས་པ་དང་གསུམ་པའི་དབར་ཁྱད་པར་ཆེན་པོ་མེད་ན་གསུམ་པ་དེ་ཡང་འདོན་དགོས་པ་གལ་ཆེན་པོར་མཐོང་བ་རེད། གལ་སྲིད་ཧེ་བག་ཆེན་པོ་ཡོད་པ་ཡིན་ན། འོས་གཞིའི་ནང་བཏང་ཡང་གསུམ་པ་དེ་གོང་དུ་སླེབས་མི་ཐུབ་པ་དེ་ང་ཚོའི་མི་འབོར་སོགས་གང་ཐད་ནས། དེ་ག་ཙམ་བཞག་པ་ལས་སླེབས་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན་དུས་ཧེ་བག་ཆེན་པོ་ཡོད་ན་མི་འཇོག་རྒྱུ་དང། ཧེ་བག་ཆེན་པོ་མེད་ན་འཇོག་རྒྱུ་གཏན་འཁེལ་བ་རེད།

དྲི་བ། ཉེ་ཆར་འདི་ལ་ཕྱི་རྒྱལ་བ་ལྟ་ཞིབ་བྱེད་མཁན་ཁ་ཤས་ཤིག་སླེབས་པ་རེད། དེ་དག་གི་གསར་འགོད་གསལ་བསྒྲགས་ནང་སྤྱིར་ང་ཚོའི་མང་གཙོ་མི་འདྲ་བ་ཡོད་པའི་ཡོད་རབས་དང། སྤྱི་ཡོངས་ནས་ཡག་པོ་འདུག་ཅེས་གསུངས་སོང། དེའི་ནང་དུ་སྲིད་སྐྱོང་དང། ཚོགས་གཙོ་ལྟ་བུ་ལས་ཐོག་ཏུ་ཡོད་པ་རྣམས་ལ་དམིགས་བསལ་ཁེ་ཕན་ཆེན་པོ་ཡོད་པ་དང། འོས་བསྡུ་ལས་ཁང་གི་ཐག་གཅོད་ཁ་ཤས་ཤིག་འོས་བསྡུའི་སྔོན་ནས་བྱས་ཡོད་ན་ཡག་པོ་ཡོད་ས་རེད། དཔེར་ན་སྲིད་སྐྱོང་གི་འོས་མི་གཉིས་འདོན་རྒྱུ་ཡིན་པ་དེ་ཡང་འོས་མ་བླུགས་པའི་སྔོན་ལ་གསལ་བསྒྲགས་བྱས་ཡོད་ན་འོས་བསྡུ་ལས་ཁང་གི་ལས་ཀ་བྱེད་སྟངས་དེ་ཚོ་ཡང་ཡག་པོ་ཡོང་ས་རེད། འོས་བསྡུ་གྲུབ་པའི་རྗེས་སུ་གསལ་བསྒྲགས་བྱས་ཡོང་དུས་དེ་ཏག་ཏག་བསྡད་མི་འདུག་ཟེར་བ་སོགས་མང་པོ་ཞིག་འདུག དེའི་སྐོར་ལ་འགྱུར་བ་གཏོང་རྒྱུ་ལྟ་བུ་ཡོད་དམ། ཡང་ན་ཁོང་ཚོའི་ལྟ་ཚུལ་དེར་ལྟ་ཚུལ་ཙམ་ལ་ངོས་འཛིན་གནང་གི་ཡོད།

ལན། འོས་བསྡུའི་འགན་འཛིན། ཁོ་རང་ཚོ་འོས་བསྡུ་ལ་རྟོག་ཞིབ་བྱེད་མཁན་ཡིན་པ་དེ། འོས་བསྡུ་ལས་ཁང་ལ་སྙན་སེང་ཞུས་ནས་ཁོ་རང་ཚོར་རྟོག་ཞིབ་བྱེད་དུ་བཅུག་པ་རེད། ཁོང་ཚོས་རྟོག་ཞིབ་བྱས་པ་དེས་ང་ཚོ་ལ་ཁེ་ཡོད་པ་ལས་གྱོང་ཡོད་པ་མ་རེད། ཁོང་ཚོའི་སྙན་ཐོ་དེ་ཚོ་གཞི་རྩར་བཟུང་ནས་འོས་བསྡུའི་སྒྲིག་གཞི་དང་ལམ་ལུགས་དེ་ཚོ་ཡར་རྒྱས་གཏོང་བར་ཏན་ཏན་ཐུགས་ཕན་སོས་ཀྱི་ཡོད་པ་རེད། དེ་ཚོ་ལ་ང་ཚོས་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་དངོས་གཞིའི་འོས་གཞི་འདོན་རྒྱུ་དེ་སྔོན་འགྲོའི་འོས་ཤོག་མ་བླུགས་པའི་སྔོན་ནས་གསལ་བསྒྲགས་བྱས་པ་ཡིན་ན་འོས་འཕེན་མཁན་དེ་དག་ལ་རང་བཞིན་གྱིས་དོ་ཕོག་ཅིག་འགྲོ་ཡི་ཡོད་པ་རེད། དཔེར་ན་གདམ་ཀ་དེ་ཡང་ཉུང་ཉུང་ཞིག་ཆགས་འགྲོ་གི་ཡོད་པ་རེད། གཉིས་མ་གཏོགས་མེད་པ་ཡིན་ན་གདམ་ཀ་གང་ཡང་མི་འདུག་ཅེས་རང་བཞིན་གྱིས་བསམ་ཚུལ་ཡོང་གི་རེད། སྔོན་འགྲོའི་འོས་ཤོག་དེ་བླུགས་ཟིན་པའི་རྗེས་སུ་དངོས་གཞི་དེ་གཏན་འབེབས་གསལ་བསྒྲགས་བྱས་པ་ཡིན་ན། སྔོན་འགྲོ་དེ་ཆ་ཚང་མི་མང་གི་ལག་ཏུ་ཡོད་བསྡད་པ་ཞིག་རེད། རྟོག་ཞིབ་བྱེད་མཁན་དེ་དག་གི་ངོས་ནས་ཅིག་བྱས་ན་དང་བླངས་ཀྱི་ཐོག་ནས་ང་སྲིད་སྐྱོང་གི་འོས་མིར་ལང་གི་ཡིན་ཟེར་མཁན་དེ་ཚོ་འོས་གཞི་རང་ལ་ངོས་འཛིན་བྱས་མེད་འགྲོ། ཁོ་རང་ཚོའི་ངོས་ནས་འོས་གཞི་དེ་མི་འདི་དག་རེད་འདུག་བསམ་པ་ཞིག་དྲན་ཡོད་ན་ཁོ་རང་ཚོས་དགོངས་པ་བཞེས་པ་དེ་ཏན་ཏན་བདེན་པ་ཆགས་ཡོང་གི་ཡོད་པ་རེད། འོན་ཀྱང་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་འོས་བསྡུ་དེ་སྔོན་འགྲོའི་སྐབས་མི་མང་གིས་འོས་ཤོག་བླུགས་རྗེས་གཞི་ནས་དངོས་གཞིའི་འོས་གཞི་འདོན་དགོས་པ་སྒྲིག་གཞིའི་དགོངས་དོན་ཡིན་པ་དང། དེའི་འགན་དེ་འོས་བསྡུ་ལས་ཁང་ལ་ཡོད་པ་ཡིན་དུས་དངོས་གཞིའི་འོས་གཞིར་མི་ག་ཚོད་གཏོང་དགོས་མིན་དེ་མི་སུ་ལ་འོས་ཤོག་ག་ཚོད་ཐོབ་ཡོད་མེད་ཧ་མ་གོ་བའི་ཐོག་ནས་གཏན་འབེབས་བྱས་པ་ཡིན་ན་དེ་ཡག་པ་ལས། གྲངས་བཤེར་ཆ་ཚང་གྲུབ་རྗེས་ཐག་གཅོད་བྱས་ན་དེ་གང་ཟག་ལ་ལྟོས་ནས་ཐག་གཅོད་བྱས་པ་ལྟ་བུ་ཆགས་རྒྱུའི་ཉེན་ཁ་ཡོད་པ་དང། གང་ཟག་གི་དབང་བསྒྱུར་དུ་མི་འགྲོ་བའི་ཆེད་དུ་དོ་བདག་སོ་སོ་ལ་འོས་ག་ཚོད་ཐོབ་ཡོད་མེད་ཧ་མ་གོ་བའི་ཐོག་ནས་ཐག་གཅོད་དགོས་པའི་གནད་འགག་དེ་རེད།
འོས་བསྡུའི་འགན་འཛིན་ལས་འཕར། གསལ་བཤད་བྱེད་དགོས་པ་ཞིག་ལ་རྟོག་ཞིབ་བྱེད་མཁན་ཁོ་རང་ཚོའི་ངོས་ནས་གསལ་བཤད་བྱས་པ་དེ་དོན་ཚན་གཉིས་རེད། ད་ལྟའི་གནད་དོན་དེ་རྟོག་ཞིབ་བྱས་ནས་ཐུན་མོང་གི་ཐོག་ནས་བཏོན་པའི་སྙན་ཐོ་ཞིག་ཆགས་ཡོད་པ་མ་རེད། དེའི་སྐབས་དེར་གསར་འགོད་པ་ཞིག་གིས་སྐད་ཆ་དྲིས་པའི་ལན་རེད། ཅིག་བྱས་ན་གསར་འགོད་པ་དེ་ཁྱེད་རང་ཡིན་འགྲོ། དེ་གང་ཟག་སྒེར་ཞིག་གི་ལྟ་ཚུལ་གྱི་ཐོག་ནས་དེ་ནོར་བ་རེད་ཅེས་བརྗོད་པ་རེད་མ་གཏོགས། ཚོགས་པ་གཉིས་ཀྱིས་ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་འཁོད་ཡོད་པ་མ་རེད།

དྲི་བ། དེ་འདྲ་ཡིན་ན་དགོངས་ཚུལ་དེ་གནད་འགག་ཆེ་རུ་འགྲོ་གི་རེད། ལན་གནང་མཁན་དེ་(ANFREL)ཨེ་ཤི་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ནས་རེད། (ADN) ཨེ་ཤི་ཡའི་མང་གཙོ་འབྲེལ་མཐུད་ཁང་དེ་སྤྱིར་བཏང་གི་མང་གཙོའི་སྐོར་ལ་རེད། ལན་གནང་མཁན་དེ་ཐད་ཀར་འོས་བསྡུ་རང་གཙང་མ་འགྲོ་གི་ཡོད་མེད་ཀྱི་ཐོག་ལ་ཞིབ་འཇུག་བྱེད་མཁན་ཡིན་པས། དེ་ལས་ཉེན་ཁ་ཆེ་རུ་འགྲོ་གི་མ་རེད་དམ།
ལན། འོས་བསྡུའི་འགན་འཛིན་ལས་འཕར། ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་དུ་ཡོད་པ་མ་རེད། དྲི་བ་ཞིག་དྲིས་པའི་ལན་རེད་ཅེས་ཞུ་རྒྱུ་ཡིན།
འོས་བསྡུའི་འགན་འཛིན། དེ་སྤྱིར་སླེབས་སྟངས་ཀྱི་ཁྱད་པར་རེད། གཙོ་བོ་རྒྱལ་སྤྱིའི་ཐོག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་དེ་ཚོའི་གནས་སྟངས་དང། ང་ཚོ་སྐྱབས་བཅོལ་བ་ཞིག་གི་གནས་སྟངས་མི་འདྲ་བ་རེད། ཁོང་ཚོའི་ལམ་ལུགས་ནང་ང་ཚོར་ལེགས་ཆ་ལེན་དགོས་པ་ག་རེ་ཡོད་མེད་དང། དེ་སྔ་ལེགས་ཆ་བླངས་ནས་འོས་བསྡུའི་སྒྲིག་གཞིའི་ནང་བསྐྱར་བཅོས་མང་པོ་སོང་ཡོད་པ་རེད། མ་འོངས་པར་ཡང་དེ་འདྲའི་ཐོག་ནས་ཐུགས་ཕན་སོས་པ་ཞིག་ཡོང་གི་རེད། ཁོང་ཚོས་བཤད་པ་དེ་བདེན་པ་ཡིན་གྱི་རེད་དེ། མཐའ་གཅིག་ཏུ་ཁོང་ཚོས་གང་བཤད་པ་དེ་ང་ཚོས་ལག་བསྟར་བྱེད་ཁག་པོ་རེད། ང་རང་ཚོའི་འོས་བསྡུའི་སྒྲིག་གཞི་ཞིག་ཡོད་པ་དེ་ཡང་བདེན་པར་བརྩི་དགོས་པ་རེད། སྒྲིག་གཞི་དེ་ང་རང་ཚོའི་གནས་བབས་ལ་གཞིགས་ནས་བཟོས་པ་ཡིན་དུས་དེ་དང་འགལ་བ་ཡིན་ན་འགྲིག་གི་ཡོད་པ་མ་རེད།

དྲི་བ། ད་ལོ་འགྲོ་སོང་གཏོང་སྟངས་ཐད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ངོས་འཛིན་བྱེད་སྟངས་ལ་ཁྱད་པར་ཞིག་ཕྱེས་ཡོད་པ་དེ་དཀའ་ངལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། དེའི་རྒྱབ་ལྗོངས་གང་ཡིན་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན།
ལན། འོས་བསྡུའི་འགན་འཛིན། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོས་བཏང་བའི་ཡི་གེ་དང། རྟོག་ཞིབ་བྱེད་མཁན་དེ་ཚོའི་སྙན་ཐོའི་ནང་དུའང་དེ་འདུག དེ་གནད་འགག་ཏན་ཏན་ཆགས་ཡོད་རེད་བསམ་གྱི་འདུག ང་ཚོའི་ངོས་ནས་ཀྱང་དེར་རྒྱུ་མཚན་ཡོད་པ་དང་གུས་བརྩི་ཞུ་སྡོད་ཀྱི་ཡོད། སྐབས་དེ་དུས་ང་ཚོས་བསམ་བློ་གཏོང་ཕྱོགས་དང། ད་ལྟའི་གནས་སྟངས་གཉིས་ཀྱི་དབར་ལའང་ཁྱད་པར་ཞེ་དྲག་ཡོད་པ་རེད། སྐབས་དེ་དུས་ག་རེ་མཐོང་བ་རེད་ཅེ་ན། གཞུང་གིས་ངོས་ལེན་ཡོད་པའི་ཚོགས་པ་ཁག་དེ་དག་གི་གནས་སྟངས་དང། དམིགས་ཡུལ་ལངས་ཕྱོགས་སོགས་ཚང་མ་གཞུང་གི་ངོས་ནས་གསལ་པོ་ཤེས་ཀྱི་ཡོད་པ་རེད། ཤེས་པ་ནང་བཞིན་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀའི་ངོས་ནས་དེ་དག་སྔོན་མ་ནས་ངོས་འཛིན་གཏན་འབེབས་ཡོད་བསྡད་པ་ཞིག་ཆགས་ཡོད་པ་དང། ཚོགས་པ་དེ་དག་གི་དེ་སྔའི་ལམ་ལུགས་ནང་འོས་གཞི་བཏོན་པ་དེ་འདྲ་བྱུང་བསྡད་ཡོད་པ་རེད། དེའི་ནང་ནས་རིགས་གཅིག་གིས་སྔོན་མ་ནས་འདོན་གྱི་ཡོད་པ་མ་རེད། ཞིབ་འཇུག་བྱས་ཡོང་དུས་ཚོགས་པ་མང་བས་འོས་གཞི་འདོན་གྱི་ཡོད་པ་མ་རེད། དཔེར་ན་ཆུ་བཞི་སྒང་དྲུག་གིས་སྔོན་མ་འོས་གཞི་འདོན་གྱི་ཡོད་པ་རེད། ད་ལོ་བཏོན་ཡོད་པ་མ་རེད། ད་ལོ་འོས་གཞི་འདོན་མཁན་གཉིས་གསུམ་ཙམ་ལས་མེད་པ་རེད། སྐབས་དེ་དུས་བསམ་བློ་བཏང་དུས་དེ་སྔའི་བརྒྱུད་རིམ་བཞིན་ཆོལ་ཁ་སོ་སོའི་མི་མང་དང། མི་མང་སྤྱི་ཡོངས་ལ་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་འོས་གཞི་ཞིག་འདོན་གྱི་ཡོད་པ་ཡིན་དུས་དེ་གཞིར་བཞག་བྱས་པ་རེད། དེའི་རང་དབང་དེ་ཁོ་རང་ཚོ་ལ་ཡོད་པ་ཞིག་དང། འགྲོ་སོང་གི་ཚད་གཞི་དེ་གཅིག་གྱུར་བྱེད་རྒྱུ་བྱས་པ་རེད་དེ། ལམ་སྟོན་དེ་སོང་ཟིན་པ་ཡིན་པས་ཕྱིར་ལོག་ཐབས་མེད་པ་དང། ད་ལྟའི་དུས་འདིར་ལུས་བཞག བརྗེད་བཞག་ལབ་ན་དྲང་པོ་གང་ཡང་ཡོད་པ་མ་རེད། དེ་ང་རང་ཚོའི་སྒྲིག་གཞིའི་དགོངས་དོན་བྱས་ནས་ལམ་སྟོན་བྱས་པ་ཞིག་རེད་དེ། སྐྱོན་གནད་ག་རེ་ཆགས་ཀྱི་ཡོད་མེད་དེ་ང་ཚོས་རྟོགས་ཐུབ་ཡོད་པ་མ་རེད། ད་ལྟའི་ཆར་བལྟས་དུས་དེ་ཏག་ཏག་ཅིག་བསྡད་མི་འདུག་བསམ་པའི་ཚོར་སྣང་ཡོང་གི་ཡོད་པ་རེད། མ་འོངས་པར་དགོངས་པ་བཞེས་ཕྱོགས་ལ་ཁྱད་པར་ཏན་ཏན་བྱུང་ཡོད་པ་ཞིག་རེད་ཞུ་རྒྱུ་ཡིན།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
1 commentViews: 63