མདོ་དབུས་ཁམས་གསུམ་ནི་བོད་ཀྱི་ཀླད་སྙིང་རུས་གསུམ་ཡིན།

ཇི་སྐད་དུ།  ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད་གསུང་པ་ལྟར། ངའི་བོད་ཡིག་ཤེས་ཚད་སྐྱོ་ཞིང་འབྲི་རྩལ་ཞན་ཡང་། དྲང་བདེན་བརྗོད་ལ་བརྟེན་ནས་ཀློག་པར་མཛོད།

སྐབས་རེ་སྒལ་རུས་འདི་མཁྲེགས་དྲགས་ནས་ཀླད་སྙིང་གཉིས་ལ་བརྡབ་གསིག་གི་ཚོར་བ་ཏོག་ཙམ་རེ་སྤྲོད་སྲིད། སྐབས་རེར་སྙིང་འདི་ཚོར་བ་སྐྱེན་དྲགས་ནས་ཀླད་རུས་གཉིས་ལ་འཁོན་འཛིན་ཏོག་ཙམ་ཤོར་སྲིད། སྐབས་རེ་ཀླད་པ་འདི་དྲན་རྒྱུ་རྒོད་དྲགས་ནས་རུས་སྙིང་གཉིས་ལ་སུན་སྣང་ཅུང་ཙམ་རེ་སྦྱིན་སྲིད།

འོན་ཀྱང་འདི་གསུམ་མ་ཚང་ན་བོད་གངས་ལྗོངས་གསོན་པའི་ཟུངས་ཁྲག་གང་ནས་རག   བོད་གངས་ལྗོངས་ཚོར་བའི་དྲན་པ་གང་ནས་འཐོབ། བོད་གང་ལྗོངས་ལངས་པའི་ནུས་པ་སུ་ཡིས་སྦྱིན། དེས་ན། རང་ཅག་གསུམ་ནས་གཞན་སྐྱོན་ལ་གཏད་པའི་མེ་ལོང་དེ་རང་སྐྱོན་ལ་ཁ་བསྐོར་ནས།  རང་གཅེས་ཀྱི་བང་མཛོད་ཆེན་པོ་དེ་རོགས་ཀྱི་བཀའ་དྲིན་དང་རིན་ཐང་གིས་བཀང་ན་ཅི་འདྲ་འདུག  འདི་ནི་ང་ཚོ་ལ་ཕ་མེས་ཀྱིས་བཞག་པའི་སྤྱོད་བཟང་ཡིན་གྱི་རེད་ལ།  མ་འོངས་ཀྱིས་སྤྲད་པའི་ལས་འགན་ཡང་ཡིན།

དེང་སང་མདོ་ཁམས་ཀྱི་མི་ཁ་ཅིག་གིས་དབུས་གཙང་གི་མི་ལ་ནུས་པ་མི་འདུག་ཟེར་ནས་དམོད། འོན་ཀྱང་ཁྱོད་གཉིས་ཀྱི་རུས་རྒྱུད་དབུས་ནས་ཆད་ཡོད་ལ།  གླིང་འདིར་གྲགས་པའི་བོད་བཙན་པོའི་རྒྱལ་ཁབ་དབུས་ཀྱིས་བཙུགས་ཤིང་དབུས་ནས་རྒྱས་ཡོད།

དབུས་གཙང་གི་དགོན་ཆེན་འདི་ཚོ་མེད་ན་བོད་སིལ་དུམ་ཆགས་པའི་མུན་ནག་གི་དུས་རབས་མང་པོའི་རིང་ལ་ཁྱོད་གཉིས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར། ད་ཚོད་རྒྱ་མཚམས་སུ་སྐམ་ལ་ཉེ་བའི་གྲངས་ཉུང་མི་རིགས་ཀྱི་ཀོ་ཆུ་ཆུང་ཆུང་འདི་ཚོ་ལྟ་བུ་ཞིག་ལས་ལྷག་དོན་མེད། འོན་ཀྱང་དེ་ལྟར་མ་གྱུར་བར་བོད་བཙན་པོའི་སྲིད་དབང་ཤོར་ནས་རྒྱ་ནག་པོའི་བརྙས་བཅོས་མྱངས་ཡང་། བཀའ་ཆོས་སྡེ་ཡིས་བོད་སྲོག་བཟུང་བ་འདི་དགོན་ཆེན་པོ་འདི་ཚོ་ཡི་བཀའ་དྲིན་རེད།

ཁམས་དབུས་གཉིས་ཀྱི་མི་ཁ་ཅིག་གིས་ཨ་མདོ་བ་ལ་ཕྱི་མིའི་སྣང་བ་བཟུང་། གལ་ཏེ་ཨ་མདོ་བ་རྣམས་མེད་ན།  ཁྱོད་གཉིས་ལ་བཙན་པོའི་ལ་རྒྱ་སུ་ཡིས་སྤྲད།  རིག་གནས་ཀྱི་མེ་རོ་སུ་ཡིས་གསོས།

དེང་སང་མདོ་དབུས་གཉིས་ཀྱི་མི་ཁ་ཅིག་གིས་ཁམས་པ་རྣམས་ལ་དགྲ་ལྟར་སྡང་།

གལ་ཏེ་ཁམས་པ་ཚོ་མེད་ན།         རྒྱ་ནག་པོ་མཐའ་ལ་འགོག་མཁན་གྱི་བཙན་རྫོང་སུ་ཡིས་བྱས། རྒྱ་དམར་པོས་གཉའ་ནས་བཞོན་དུས་ཕོ་ཤེད་ཀྱི་མགོ་བོ་སུ་ཡིས་བཏེགས།།

དབུས་གཙང་བ་ལ་ནུས་པ་མེད་པ་མིན་ཏེ། དྲག་མཚོན་གྱིས་གནོན་པའི་གྲོང་ཁྱེར་ནང་ལག་རྗེན་པ་དགུང་ལ་བསྒྲེངས་ནས་བོད་གངས་ལྗོངས་སུ་ཞི་རྒོལ་གྱི་སྲོད་བཏོད་ཡོད།    ཁམས་པ་ཡི་བཀའ་དྲིན་མེད་པ་མིན་ཏེ། གཞིས་སུ་ངར་ཤུགས་ཀྱི་མེ་ལྕེ་སྒང་ལ་སྤར་ནས་བཙན་རྒོལ་གྱི་རུས་པ་ལྕགས་ལ་བསྒྱུར་ཡོད་ལ།      བྱེས་སུ་༧རྒྱལ་བའི་ཕྱག་དཔུང་ཡིན། ཨ་མདོ་ལ་ལག་རྗེས་མེད་པ་མིན་ཏེ། གངས་ལྗོངས་ཀྱི་ལ་རྒྱའི་རྒྱལ་མཚན་བསྒྲེངས་ཤིང་རང་སྐད་ཀྱི་སྤོབས་པའི་བ་དན་བསྐྱངས་ཡོད་ལ། རང་སྲོག་དམར་པོའི་མཆོད་མེ་སྤར་བཞིན་ཡོད།

བོད་མི་ཚོ།  འདི་ང་ཚོ་རེད། འདི་ང་ཚོ་ངོ་མ་དེ་རེད།

ཡེ་ཤེས་རྡོ་རྗེས། དགྲ་ནག་པོའི་ཐོ་བའི་འོག་ཏུ་སྡུག་ངོ་མ་མཉམ་མྱོང་བྱེད་བཞིན་པའི་གདོང་དམར་གྱི་རུས་ཆག་སྦར་གང་ལ་སྤྲིངས།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 213

Leave a Reply