མདོ་སྨད་མདོ་ལྷོ་འབོ་ར་ནས་རང་སྲེག་རྒྱ་རྒོལ།

ཟླ་འདིའི་ཚེས་༢ ཉིན་གྱི་ཕྱི་དྲོར་བོད་མདོ་སྨད་བསང་ཆུ་རྫོང་འབོ་ར་ས་གནས་སུ་སློབ་མ་ཞིག་གིས་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཡོད་འདུག

དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལ་རང་ལུས་མེར་སྲེག་ངོ་རྒོལ་བྱེད་མཁན་དེའི་མིང་ལ་ཕྱག་རྡོར་སྐྱབས་དང་རང་ལོ་༡༦ ཡིན་འདུག ཕྱག་རྡོར་སྐྱབས་ཀྱིས་རང་ལུས་མེར་སྲེག་གཏོང་ཡུལ་ནི་འབོ་ར་དགོན་པའི་གླིང་གི་ནང་ཡིན་པ་དང་། ཁོང་ནི་ལོ་བཅུ་དྲུག་ཅན་གྱི་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་མི་སྐྱ་ཞིག་ཡིན་འདུག ཁོང་གི་ལུས་ལ་མེ་ལྕེ་འབར་བཞིན་པའི་སྐབས། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་ཅེས་སྐད་འབོད་བྱེད་བཞིན་དུ་འབོ་ར་ཡུལ་ཚོའི་ས་གནས་རྒྱ་ནག་གི་སྲིད་གཞུང་ལས་ཁུངས་ཕྱོགས་སུ་རྒྱུག་ཐབས་བྱས་འདུག་ཀྱང་། མེ་ལྕེ་ཆེན་པོའི་ཁྲོད་རིང་བོར་མ་འགོར་བར་ས་ལ་འགྱེལ་འདུག  དེ་མ་ཐག་ས་གནས་རྒྱ་ནག་གི་ཉེན་རྟོག་པ་དང་། དམག་མི་འབྱོར་ནས་ཁོང་གི་ལུས་སྟེང་གི་མེ་བསད་དེ་ཁོང་བཙན་འཁྱེར་བྱས་རྗེས། རྒྱ་ནག་གིས་ས་གནས་སུ་དམ་དྲག་ཧ་ཅང་ཆེན་པོ་བྱས་པར་བརྟེན། དེའི་རྗེས་ས་གནས་ཀྱི་གནས་ཚུལ་དང་ཕྱག་རྡོར་སྐྱབས་ཀྱི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 119

Leave a Reply