མཚན་མཐུན་དགའ་པོ་བྱེད་མཁན་ལ་དབྱེ་འབྱེད་བྱས་པར་དགོངས་སེལ་ཞུས་འདུག

ཁེ་ན་ཌ་སྲིད་གཞུང་གིས་རྒྱལ་ཁབ་དེའི་ལོ་རྒྱུས་ནང་། གཞུང་གིས་མཚན་མཐུན་དགའ་པོ་བྱེད་མཁན་གྱི་མི་མང་རྣམས་ལ་སྡུག་སྦྱོང་དབྱེ་འབྱེད་བྱས་ཡོད་པར། དགོངས་སེལ་ཞུས་ཏེ་གནོད་འཚེ་འཕོག་ཡུལ་རྣམས་ལ་གུན་གསབ་སྤྲད་རྒྱུ་གསལ་བསྒྲགས་བྱས་འདུག

ཟླ་༡༡ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་སྲིད་བློན་ཇ་སེ་ཊེན་ཀྲུ་ཌེའུ་ཡིས་གཏམ་བཤད་བཤད་བྱས་ཏེ། དེ་སྔོན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་མཚན་མཐུན་དགའ་པོ་བྱེད་མཁན་རྣམས་གཙང་སེལ་བྱེད་པའི་ལས་རིམ་ལོ་ངོ་༣༠ ལྷག་སྤེལ་ནས། མི་མང་སྟོང་ཕྲག་མང་པོ་ལས་ཀ་ཤོར་བ་དང་ཉེས་ཆད་ཕོག་པ། དེ་བཞིན་ཁག་ཅིག་གིས་རང་སྲོག་གཅོད་དགོས་བྱུང་བར་དགོངས་སེལ་ཞུས་ནས། ཕྱི་ལོ་༡༩༦༢ ནས་༡༩༩༦ བར་གཞུང་གི་སྡུག་སྦྱོང་མྱངས་བའི་མཚན་མཐུན་དགའ་པོ་བྱེད་མཁན་མི་མང་རྣམས་ལ་གུན་གསབ་བྱེད་པའི་ཆེད་དུ། ཨ་སྒོར་ས་ཡ་༨༥ བར་འགྲོ་སོང་གཏོང་རྒྱུའི་གསལ་བསྒྲགས་བྱས་འདུག གནོད་འཚེ་འཕོག་ཡུལ་སྒེར་པ་ཞིག་ལ་གུན་གསབ་ཏུ་མང་ཤོས་ལ་ཁེ་ན་ཌའི་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་ཡི་ཐོབ་ཆ་ཡོད་འདུག་པ་དང་། དེ་བཞིན་གཞུང་གིས་གལས་བསྒྲགས་བྱས་པའི་གུན་གསབ་ཀྱི་དངུལ་འབོར་དེའི་ཆ་ཤས་ཤིག གྲོངས་ཟིན་པའི་གནོད་འཚེ་འཕོག་ཡུལ་རྣམས་ལ་དྲན་རྟེན་གྱི་ལས་འཆར་ཆེད་དུ་ཟུར་འཇོག་བྱ་རྒྱུ་ཡིན་འདུག

ཁེ་ན་ཌའི་གཞུང་འཛིན་ཚོགས་པ་གུ་ཡངས་སྲིད་དོན་ཚོགས་པས་དེ་སྔོན་མཚན་མཐུན་དགའ་པོ་བྱེད་མཁན་རྣམས་ལ་ནག་ཉེས་ར་སྤྲོད་བྱས་པའི་ཟིན་ཐོ་རྣམས། དྲང་བདེན་མིན་པ་ངོས་འཛིན་ཐོག་དེ་རིགས་ཚང་མ་བསུབ་རྒྱུའི་ཁྲིམས་འཆར་ངོ་སྤྲོད་བྱས་ཡོད་འདུག

གྲོས་ཚོགས་ཀྱི་བར་འཁྱམ་དུ་འདུ་འཛོམས་བྱས་པའི་གནོད་འཚེ་འཕོག་ཡུལ་དང་དེ་དག་གི་རྒྱབ་སྐྱོར་བ་ཚོར། སྲིད་བློན་ཀྲུ་ཌེའུ་ཡིས། “སྔར་ང་ཚོས་བྱས་པའི་ལས་ཀར་ངོ་ཚ་དང་གནོང་འགྱོད་སྐྱེས་ཤིང་། དེ་རིང་ང་འདི་གར་ལངས་ནས་ང་ཚོ་ནོར་འདུག་ཞུ་རྒྱུ་ཡིན་”ཞེས་བརྗོད་ནས། ཁོང་གིས་སྔར་དྲང་བདེན་མ་བྱས་པའི་གནད་དོན་ཐོག་གླེང་སློང་བྱས་ནས། དེ་རིགས་མ་འོངས་པར་མི་ཡོང་བའི་ཁས་ལེན་བྱས་པ་དང་། ནོར་འཁྲུལ་ཡོ་བསྲང་བྱས་ན། མི་མང་རྣམས་ཀྱི་སེམས་ཀྱི་རྨ་ཁ་སོས་འགོ་བཙུགས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གནོད་འཚེ་འཕོག་ཡུལ་ཚང་མར་དགོངས་སེལ་ཞུས་ཡོད་འདུག

དེ་ཡང་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནང་དུ་དམིགས་བསལ་གྱི་ཉེན་རྟོག་རུ་ཁག་ཅིག་གིས། ཁེ་ན་ཌ་ནང་གི་དམག་གི་སྒྲིག་འཛུགས་དང་། ཉེན་རྟོག་རུ་ཁག དེ་བཞིན་གཞུང་གི་ལས་ཁུངས་གཞན་ནང་། མཚན་མཐུན་དགའ་པོ་བྱེད་མཁན་ཕོ་མོ་ངོས་འཛིན་བྱེད་པའི་ལས་གཞི་ཆེན་པོ་ཞིག་སྤེལ་འགོ་བཙུགས་ཡོད་འདུག་པ་དང་། ངོས་འཛིན་བྱེད་ཆེད་གཞུང་གིས་འཕྲུལ་འཆས་ཤིག་བེད་སྤྱད་འདུག ཚོད་དཔག་ཁག་ཅིག་ལ་གཞིར་བཞག་ན། སྐབས་གཅིག་ལ་མི་མང་༩༠༠༠ ལ་བརྟག་དཔྱད་བྱས་ཡོད་ཚོད་འདུག ལས་གཞི་དེ་ལ་མཚན་མཐུན་དགའ་པོ་བྱེད་མཁན་གཙང་སེལ་གྱི་ལས་གཞི་ཞེས་ངོས་འཛིན་བྱེད་བཞིན་འདུག

གཞུང་གི་སྒྲིག་འཛུགས་འདྲ་མིན་ནང་ལས་ཀ་བྱེད་བཞིན་པའི་མཚན་མཐུན་དགའ་པོ་བྱེད་མཁན་རྣམས། ཨུ་རུ་སུས་མཚང་འདོན་སྡིགས་སྐུལ་བྱེད་སླ་བའི་ངོས་འཛིན་ཐོག གཙང་སེལ་གྱི་ལས་འགུལ་དེ་སྤེལ་བ་ཡིན་འདུག་ཀྱང་། ད་བར་མཚན་མཐུན་དགའ་པོ་བྱེད་མཁན་གྱིས་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་མེད་འདུག

ཁེ་ན་ཌའི་གཞུང་གིས་ཕྱི་ལོ་༡༩༦༩ ལོར་མཚན་མཐུན་དགའ་པོ་བྱེད་པ་ཁྲིམས་འགལ་ཡིན་པའི་ཁྲིམས་དེའི་ཆ་ཤས་ཞིག་ཁྲིམས་མཐུན་བཟོས་ཡོད་ཀྱང་། གཙང་སེལ་གྱི་ལས་འགུལ་དེ་ཕྱི་ལོ་༡༩༩༢ བར་མུ་མཐུད་ཡོད་འདུག ལོ་ངོ་འདི་དག་རིང་མི་མང་རྣམས་ལ་དམའ་འབེབས་བྱས་པ་དང་། ལས་ཀ་ཤོར་བ། བཙོན་འཇུག་དང་རྡུང་རྡེག་མྱངས་བ། དེ་བཞིན་མཚན་མཐུན་དགའ་པོ་བྱེད་མཁན་བུད་མེད་ཁག་ཅིག་ལ་སྐྱེས་པས་བཙན་གཡེམ་བཏང་ནས། བུད་མེད་དེ་དག་གི་འཁྲིག་སྤྱོད་ཀྱི་གོམས་འདྲིས་འགྱུར་བ་གཏོང་ཐབས་བྱས་པ་སོགས་ཀྱི་སྡུག་སྦྱོང་དུ་མ་མྱངས་ཡོད་པ་རེད་འདུག ཁག་ཅིག་ལས་ཀ་ཤོར་རྗེས་རང་ཤི་བརྒྱབ་མཁན་ཡང་བྱུང་ཡོད་འདུག

མཚན་མཐུན་དགའ་པོ་བྱེད་མཁན་གྱི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱིས། ཁེ་ན་ཌའི་སྲིད་གཞུང་གི་ལོ་རྒྱུས་རང་བཞིན་ལྡན་པའི་བྱེད་ལས་དེ་ནི། འཛམ་གླིང་ནང་དེ་སྔོན་བྱུང་མ་མྱོང་བའི་དཔེ་མཚོན་ཡག་པོ་ཞིག་སྐོར་གྱི་སྔགས་བརྗོད་བྱེད་བཞིན་འདུག གནད་འཚེ་འཕོག་ཡུལ་རྣམས་ཀྱི་ཁྲིམས་རྩོད་པ་ཞིག་གིས། དེང་གི་འཆར་ཨ་རིའི་ནང་དབྱེ་འབྱེད་ཀྱི་ལས་གཞི་བསྐྱར་དར་བྱུང་བཞིན་ཡོད་ཀྱང་། ཁེ་ན་ཌས་གནོད་འཚེ་འཕོག་ཡུལ་རྣམས་ལ་གུན་གསབ་སྤྲད་ནས། ནོར་འཁྲུལ་དེ་བསྐྱར་དུ་མི་བྱེད་པའི་ཆོད་སེམས་བརྟན་པོ་བཅང་བ་དེར་བློ་སྤོབས་སྐྱེས་འོས་པ་ཞིག་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||