མཛངས་མ་དང་མཛངས་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༡   ཕྱི་ལོ་ ༢༠༡༧/༡༡ /༡

ཉེ་ཆར་བོད་ཀྱི་མཛངས་པའི་འགྲན་སྡུར་ཞེས་པ་ཞིག་གོ་སྒྲིག་བྱས་སོང་བ་དང་། འགྲན་ཞུགས་པ་ཕོ་སར་ལྔ་བྱུང་བའི་ནང་ནས་གཅིག་ལ་བོད་པའི་མཛངས་པའི་འགྲན་སྡུར་གྱི་རྒྱལ་ཁ་ཐོབ་ཡོད་འདུག སྤྱིར་གནད་དོན་འདི་དག་གི་རིགས་ལ་དམིགས་བསལ་གྱི་ལྟ་སྟངས་ངན་པ་དེ་འདྲ་ཡོང་དགོས་དོན་མེད་ལ་ཡོད་ཀྱང་མེད་མོད། ཚིག་དང་དོན་གྱི་རྒྱབ་ལྗོངས་གང་ཐད་ནས་བསམ་བློ་བཏང་ནའང་སྐབས་རེ་བསམ་ཚུལ་ཅུང་ཙམ་རེ་བརྗོད་དགོས་པ་ཞིག་རེད་སྙམ། ཐོག་མ་བློ་བཟང་དབང་རྒྱལ་གྱིས་བོད་ཀྱི་མཛེས་མའི་འགྲན་སྡུར་བྱེད་རྒྱུའི་ཁྱབ་བསྒྲགས་ཕྱི་ལོ་༢༠༠༢ ལོར་སྤེལ་སྐབས་“བོད་ཀྱི་མཛེས་མ་”ཞེས་བྲིས་འདུག་ཀྱང་། རྗེས་སུ་ཁོ་རང་ལ་ལྟ་ཚུལ་གསར་པ་ཞིག་སླེབས་པ་ཡིན་ནམ། ཡང་ན་གཞན་གྱི་བསམ་ཚུལ་ལ་བརྟེན་ནས་བྱུང་མིན་མི་ཤེས་ཀྱང་། བོད་ཀྱི་མཛེས་མའི་འགྲན་སྡུར་དེ་བོད་ཀྱི་མཛངས་མའི་འགྲན་སྡུར་དུ་བསྒྱུར་སོང་། དེ་ནི་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་མིང་གི་བྱུང་རིམ་སྐོར་དང་འབྲེལ་ནས་བཤད་པ་ཙམ་ཡིན་ལ། ད་ལྟ་བོད་ཀྱི་མཛངས་པའི་འགྲན་སྡུར་ཞེས་ཐོག་མ་ནས་དེ་ལྟར་བྲིས་འདུག

མཛེས་མ་ཡིན་ལ་མཛངས་མའང་ཡིན་པ་ཞིག་འགྲན་སྡུར་འདི་འདྲའི་ནང་ཞུགས་འོས་པ་དང་། ད་བར་ཞུགས་མཁན་ཡང་ཡོང་ཡོད་ངེས་རེད། འོན་ཀྱང་མཛངས་མ་ཡིན་ཡང་མཛེས་མ་གཏན་ནས་མིན་པ་ཞིག་འགྲན་སྡུར་འདིའི་ནང་ཞུགས་མཁན་ཞིག་ཕལ་ཆེར་གཏན་ནས་ཡོང་མི་སྲིད་པ་ལྟ་བུ་རེད། མཛངས་མ་ཞེས་པ་གདོང་དང་གཟུགས་པོའི་མཛེས་ཉམས་ཙམ་ལ་གོ་བ་ཞིག་གཏན་ནས་མ་རེད། མཛངས་མ་མིན་ཡང་མཛེས་མ་ཡིན་པ་ཞིག་འགྲན་སྡུར་འདི་ལྟ་བུའི་ནང་དུ་ཞུགས་མཁན་ཡོང་ངེས་རེད་ལ། མིང་གི་ཆ་ནས་ཞུགས་མི་ཆོག་པ་ལྟ་བུ་ཡིན་ནའང་། དོན་གྱིས་མཛངས་དང་མི་མཛངས་ཞེས་པ་དེ་ཡང་ལས་སླ་པོ་ཞིག་གི་ཐོག་ནས་ཁ་ཚོན་གཅོད་ཐུབ་པ་ཞིག་མིན། དེར་བརྟེན་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་སུ་གཅིག་ལ་ཁྱེད་མཛངས་མ་རེད་མི་འདུག་ཅེས་འགོག་ཐུབ་ཐབས་མེད་སྟབས། མཛངས་དང་མི་མཛངས་ཀྱི་ཐ་སྙད་འདི་མིང་གི་ཆ་ནས་ཚད་མཐོ་དམན་ལྟ་བུ་ལས། དོན་གྱི་ཆ་ནས་དབྱེ་བ་འབྱེད་དཀའ་བས་བོད་ཀྱི་བུ་མོའམ་བོད་ཀྱི་མཛེས་མའི་འགྲན་སྡུར་ཞེས་བརྗོད་ན་འོས་བབས་ཆེ་བ་ལྟ་བུར་གྱུར་ཡོད།

བོད་པའི་ལོ་རྒྱུས་ནང་མཛངས་མི་དང་། མཛངས་མ་ཞེས་པའི་ཐ་སྙད་འདི་ཧ་ཅང་གི་ལྗིད་ཁོག་ཆེན་པོ་ཞིག་ཡིན་པ་དང་། འཕྲུལ་བློན་མཛངས་མི་བདུན་ཞེས་པ་དེ་དག་གི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཐོག་ནས་བཤད་ཀྱང་ཧ་ཅང་བྱས་རྗེས་ཆེན་པོ་འབའ་ཞིག་ཡིན། འདས་པའི་ལོ་རྒྱུས་ནང་གི་མིང་ཚིག་གལ་ཆེན་དག་ད་ལྟ་བེད་སྤྱོད་མུ་མཐུད་དགོས་པ་ཞིག་ཡིན་པ་ལས། བེད་སྤྱོད་མི་ཆོག་པ་ཞིག་གཏན་ནས་མིན་ནའང་། དེང་སྐབས་མཁས་དབང་ཞེས་པའི་ཚིག་འདི་ཡང་གང་བྱུང་མང་བྱུང་ལ་བེད་སྤྱོད་བྱེད་པ་བཞིན། མཛངས་མི་དང་མཛངས་མ་ཞེས་པའི་ཚིག་འདི་དག་ཀྱང་རྒྱུད་འཛིན་དགོས་པ་གང་ཞིག་ལ་བསམ་བློ་གཏན་ནས་གཏོང་མི་དགོས་པ་ཞིག་ཀྱང་མིན། དེ་བས་ཚིག་སྟབས་བདེ་པོ། བོད་ཀྱི་ཕོ་སར་ཞེས་བརྗོད་ན་མཛངས་པ་ཡིན་མི་ཆོག་པ་ཞིག་མིན་ལ། དུས་རབས་ཉེར་གཅིག་པའི་ནང་དུ་བོད་པའི་ཕོ་སར་ནང་མཛངས་པ་མང་པོ་ཡོད་དགོས་པ་ཞིག་རེད། འོན་ཀྱང་ཕོ་སར་རྫིག་པོ་ཞིག་ཡིན་པ་ཙམ་གྱིས་མཛངས་པ་ཡིན་པའི་ངེས་པ་མེད་པ་མ་ཟད། ཕོ་སར་མ་ཡིན་པའི་ནང་དུ་མཛངས་པ་དེ་བས་ཀྱང་མང་པོ་ཡོད།

དེར་བརྟེན་བོད་ཀྱི་ཕོ་སར་དང་། བོད་ཀྱི་བུ་མོའམ་བོད་ཀྱི་མཛེས་མ་ཞེས་པ་ལྟ་བུའི་ཚིག་གོ་བདེ་པོ་བེད་སྤྱོད་བྱས་ནའང་མི་འགྲིག་པ་མེད། ཚིག་གོ་དོན་གཏིང་ཟབ་པོ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་ཚིག་དེ་འདྲ་བེད་སྤྱོད་བྱས་ཡོང་བའི་སྐབས་སུ་མ་འོངས་པར་གནས་ཚུལ་འདྲ་མིན་སྣ་ཚོགས་འཕྲད་མི་སྲིད་པ་མིན་པས། འོས་འཚམས་ཡོད་པའི་མིང་ཚིག་འདི་དག་བརྗོད་ན་ཡག་པ་ལྟ་བུར་གྱུར་ཡོད། སྤྱིར་ཐ་སྙད་འདིའི་རིགས་སྐབས་རེ་ཧ་ཅང་གལ་ཆེན་པོ་མིན་པའང་ཡོད་ཅིང་། མིང་ལ་སངས་རྒྱས་ཟེར་ཡང་དོན་དུ་སངས་རྒྱས་མིན་པ་ལྟ་བུ་རེད། འགྲན་སྡུར་འདི་དག་ནང་ཞུགས་མཁན་རྣམས་དོན་གྱིས་མཛངས་པ་ཡིན་མིན་དང་། མཛངས་མ་ཡིན་མིན་ལ་དེ་ཙམ་འབྲེལ་བ་མེད་པ་ཆགས་སྲིད་ནའང་། འགྲན་སྡུར་འདི་དག་ནང་ཞུགས་མཁན་རྣམས་ཕོ་སར་ངེས་པར་དུ་ཡིན་དགོས་པ་དང་། ལོ་ཆུང་དང་མཛེས་མ་ངེས་པར་དུ་ཡིན་དགོས་པ་དེ་གཞི་རྩའི་ཆ་རྐྱེན་ལྟ་བུར་གྱུར་ཡོད། དེའི་ཞོར་དུ་མཛངས་པ་དང་མཛངས་མ་ཡིན་ན་ཡག་ཤོས་ཡིན་པ་ལས་དེ་ངེས་པར་དུ་ཚང་དགོས་པ་དང་ཚང་ཐུབ་པ་ཞིག་ཡོང་རྒྱུ་ཅུང་དཀའ་སྙམ།

མདོར་ན་མི་སྒེར་སོ་སོས་བོད་སྤྱི་པའི་ཆེད་དུ་བསམ་བློ་བཏང་། དཀའ་ལས་བརྒྱབ། འགྲོ་སོང་ཧ་ཅང་ཆེན་པོ་བཏང་ནས་བྱས་བཞག་པའི་ལས་དོན་ཁག་ལ་འགྲིག་དང་མི་འགྲིག་གི་བསམ་ཚུལ་མང་པོ་བརྗོད་ན་སེམས་ཤུགས་ཆག་པའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་མི་སྲིད་པ་མིན་ལ། ལས་འགུལ་འདི་ལྟ་བུ་ནི་མི་སྣ་གསོ་སྐྱོང་ལ་ཕན་ཐོགས་ཡོད་པའི་བྱ་བར་འགྱུར་ངེས་པས་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་ཚིག་ཆུང་ཆུང་ཞིག་གི་གོ་དོན་ཡིན་ནའང་སྐབས་རེ་གོ་བ་ལེན་སྟངས་མི་འདྲ་བ་ཡོང་གི་ཡོད་སྟབས་གང་གོ་བདེ་བདེ་དང་། དོན་དངོས་དང་གང་ཉེ་ཉེ་ཞིག་ཡོང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ད་ལན་མཛངས་པ་དང་མཛངས་མའི་ཐ་སྙད་དང་དེའི་གོ་དོན་སྐོར་ལ་ལྟ་ཚུལ་ཅུང་ཙམ་བརྗོད་པ་དེ་ཡང་། བོད་ཀྱི་མཛངས་པ་ཞེས་པ་དང་། བོད་ཀྱི་མཛངས་མ་ཞེས་པའི་འགྲན་སྡུར་གོ་སྒྲིག་བྱེད་མཁན་དག་ལ་སྐྱོན་བརྗོད་ཀྱི་ཚུལ་དུ་གཏན་ནས་མ་ཡིན་པར། ལྟ་ཚུལ་གསལ་པོ་བརྗོད་པ་ཙམ་ཡིན་པས། ཕན་པའི་ཆའང་ཅུང་ཙམ་རེ་ཡོད་མི་སྲིད་པ་མིན་པའི་རེ་བ་ཡོད།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 95

Leave a Reply