མའོ་རིང་ལུགས་ཀྱི་གྱེན་ལོག་པ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཁྲིམས་ཆད།

རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཞིག་དང་གཞན་མི་བཞི་བཅས་ལ། མའོ་རིང་ལུགས་ཀྱི་གྱེན་ལོག་པས་རྒྱལ་ཁབ་གཞུང་ལ་ངོ་རྒོལ་གྱེན་ལངས་བྱས་པ་དང་འབྲེལ་བ་ཡོད་པར་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་མ་ཧ་ར་ཤི་ཏ་ར་མངའ་སྡེའི་ས་གནས་ཁྲིམས་ཁང་ཞིག་གིས་ཁ་སང་ཕྱི་ཚེས་༧ ཉིན། རྒྱ་གར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ས་ཡེ་བྷ་བྷ་དང་གཞན་མི་བཞིས། ཁྲིམས་འགལ་གྱི་ལྐོག་ཇུས་བཤམས་ནས་རྒྱལ་ཁབ་ལ་དམག་འཐབ་གྲ་སྒྲིག་བྱེད་རྒྱུའི་ནག་ཉེས་བསགས་ཡོད་པ་ར་སྤྲོད་བྱུང་ནས། ཁྲིམས་ཁང་དེའི་ཁྲིམས་དཔོན་གྱིས་ས་ཡེ་བྷ་བྷ་སྐོར་ལ་བཅད་ཁྲ་ཞིག་བཟོས་ཡོད་པའི་ནང་“ཕྱི་ལུས་ཀྱི་ཐོག་ནས་ཁོ་པ་ཞ་བོ་ཡིན་རུང་། ནང་སེམས་ཀྱི་ཐོག་ནས་ཐང་པོ་རེད།” ཅེས་དང་། “ཚེ་བཙོན་གྱི་ཉེས་པ་ནི་ཁོའི་ནག་ཉེས་ལ་ཆུང་དྲགས་པ་རེད་” ཅེས་བརྗོད་ཡོད་འདུག

ས་ཡེ་བྷ་བྷའི་བཟའ་ཟླ་ཝ་སན་ཐ་ཀུ་མ་རིས་“ཐག་གཅོད་འདིས་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་ལྟ་ཚུལ་ག་རེ་འཛིན་གྱི་ཡོད་མེད་དང་། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་པ་རེད། གཞུང་གིས་བཅད་ཁྲ་འདི་བེད་སྤྱོད་བྱས་ནས་ཁོ་རང་ཚོར་ངོ་རྒོལ་གྱི་སྐད་ཆ་ཤོད་མཁན་རྣམས་མར་གནོན་གྱི་ཡོད་པ་འདྲ་པོ་འདུག” ཅེས་རྒྱ་གར་ཧིན་རྡུ་སི་ཏན་གསར་ཁང་ལ་བརྗོད་ཡོད་འདུག

སློབ་དཔོན་ཆེན་མོ་ས་ཡེ་བྷ་བྷ་ནི་ཁོག་སྨད་ཞ་བོ་ཡིན་པ་དང་། དུས་རྒྱུན་ཁོ་འགྲོ་བསྐྱོད་བྱེད་སྐབས་འཁོར་ལོ་ཅན་གྱི་རྐུབ་བཀྱག་བེད་སྤྱོད་བྱེད་དགོས་མཁན་ཞིག་ཡིན་འདུག  ཁོས་དེ་སྔོན་གྲོང་གསེབ་ཀྱི་ས་གནས་རྣམས་སུ་སྐོར་བསྐྱོད་བྱས་ནས། རྒྱ་གར་དམག་གི་ལས་འགུལ་དང་། གཞུང་གི་ཕྱོགས་གཏོགས་པ། མའོ་རིང་ལུགས་ཀྱི་རྒྱབ་འགལ་བའི་དམག་མི་བཅས་ལ་རྒྱབ་གཏོད་ཀྱི་དྲིལ་བསྒྲགས་མངོན་གསལ་དོད་པོར་སྤེལ་ཡོད་འདུག་པ་མ་ཟད། ཕྱི་ལོ་༢༠༡༤ ལོར་ཁོ་པར་རྒྱ་གར་གཞུང་གིས་ཁྲིམས་འགལ་དུ་བརྩི་བའི་རྒྱ་གར་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པའི་སྐྱོན་འཛུགས་བྱུང་ནས་བཀག་ཉར་བྱས་ཡོད་འདུག་ཀྱང་། ཁོས་དེ་ངོས་ལེན་བྱས་མེད་སྟབས་བཙོན་གྲོལ་ཁག་ཐེག་གི་ཐོག་ནས་ད་བར་གློད་གྲོལ་བྱུང་ཡོད་འདུག

མའོ་རིང་ལུགས་ཀྱི་གྱེན་ལོག་པ་ཚོས་དམར་ཤོག་གི་དབང་ཆ་དང་། གྲོང་གསེབ་སྐྱོ་པོ་དང་རིགས་སྐྱོ་བ་བཅས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་ནས་ངོ་རྒོལ་གྱེན་ལངས་བྱེད་མུས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share on Facebook16Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 400

Leave a Reply