མི་མང་གི་ཚེ་སྲོག་རྩེད་ཆས་སུ་བརྩི་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༦༤༣  ཕྱི་ལོ་ ༢༠༡༦/༤ /༡༩

ད་ལྟའི་དུས་སུ་འཛམ་གླིང་གི་དཔོན་རིགས་ཁག་དང་། ལྷག་པར་དུ་བྱང་ཀོ་རི་ཡའི་སྲིད་འཛིན་གྱི་ངོས་ནས་ཨ་རི་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་རྡུལ་ཕྲན་མཚོན་ཆས་ཞེད་སྣང་སྐུལ་བཞིན་ཡོད་པ་དང་། རྒྱལ་ཁབ་ཆེ་ཁག་མང་པོ་ཞིག་ལ་ཁ་གཏད་གཅོག་རྒྱུའི་རྫིག་རྫིག་རྔམ་རྔམ་བྱེད་བཞིན་ཡོད་ནའང་། དོན་དངོས་སུ་བྱང་ཀོ་རི་ཡའི་མི་མང་ནི་འཛམ་གླིང་ནང་ནས་དཔལ་འབྱོར་གྱི་གནས་སྟངས་སྐྱོ་ཤོས་གྲས་སུ་ཡོད་པ་མ་ཟད། ཟས་གོས་གནས་མལ་ཙམ་གྱི་ཐོག་ནས་ཀྱང་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་སྟོབས་ཆེན་རྒྱལ་ཁབ་ཨ་རི་ལ་ཞེད་སྣང་སྐུལ་བྱེད་ཀྱི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་པ་ལས། དོན་དངོས་ཐོག་རང་ཉིད་ཀྱི་གནས་སྟངས་ངོས་ཟིན་པ་བྱས་ནས་ཆབ་འབངས་སྐྱོ་པོ་རྣམས་ལ་ཟས་གོས་ཀྱི་གནས་སྟངས་ཐག་གཅོད་ཡག་པོ་ཞིག་བྱས་ནས། རྒྱལ་འབངས་ཚང་མའི་གནས་སྟངས་གཞན་ལ་ངོ་གནོང་མི་དགོས་པ་ཞིག་བཟོ་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དེ་ལྟར་མ་བྱས་པར་ཨ་རི་དང་མཉམ་དུ་དམག་འཁྲུག་ཤོར་ན་ཆབ་འབངས་རྣམས་ལ་སྡུག་བསྔལ་གྱི་ནང་དུ་འཚུད་རྒྱུ་ཡིན་པ་སྨྲོས་མེད་རེད།

མགོ་རྣ་མཆོག་ཙམ་གྱི་ཆེད་དུ་མི་མང་གི་བདེ་སྡུག་ལ་བསམ་བློ་མ་བཏང་བར་ཨ་རི་དང་དམག་འཁྲུག་བརྒྱབ་ན། འབྲེལ་ཡོད་རྒྱལ་ཁབ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལ་གནོད་སྐྱོན་ཆེན་པོ་ཞིག་ཏུ་འགྱུར་ངེས་ཤིང་། དེ་ལ་བརྟེན་ནས་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་དཔུང་པ་མཉམ་གཤིབས་བྱས་ནས་འཛམ་གླིང་འཁྲུག་ཆེན་གསུམ་པ་ཞིག་ཀྱང་ཡོང་མི་སྲིད་པ་གཏན་ནས་མ་རེད། དོན་དངོས་ཀྱི་མགོ་ཁྲིད་ཡག་པོ་ཞིག་ཡིན་ན་དཔོན་པོ་རང་ཉིད་ཀྱི་མཁྲེགས་འཛིན་དང་། མགོ་ཨ་མཆོག་གི་ཆེད་ཙམ་མ་ཡིན་པར་རང་ཉིད་ཀྱི་ཆབ་འབངས་མི་སེར་གྱི་འཆི་གསོན་ལ་བསམ་བློ་གཏོང་དགོས་པ་དེ་ཉིད་ཧ་ཅང་གལ་ཆེ་ཤོས་སུ་གྱུར་ཡོད། དུས་རབས་ཉེར་གཅིག་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལ་མཚོན་ན། དེ་བས་ཀྱང་གོ་ལ་གཅིག་གྱུར་དང་འཛམ་གླིང་མི་མང་གི་བདེ་སྡུག་ལ་བསམ་བློ་གཏོང་ངེས་རེད། རང་དང་རང་ཉིད་ཀྱི་ཕ་མེས་ཙམ་གྱི་དབང་ཆ་དང་གོ་གནས། སྟོབས་ཤུགས་ཙམ་ལས་བསམ་བློ་མི་གཏོང་མཁན་གྱི་མགོ་ཁྲིད་ནི་དོན་གྱིས་མི་དམངས་ཀྱི་དགྲ་བོ་ངོ་མ་རུ་གྱུར་ཡོད་པ་དེ་ཚང་མས་ངོས་འཛིན་གསལ་པོ་དགོས་པ་ཞིག་ཏུ་གྱུར་ཡོད།

དེ་བཞིན་ཨ་མི་རི་ཀའི་ངོས་ནས་ཀྱང་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་ཞི་བདེའི་ཁ་གཡང་གི་འོག་ནས་དཔུང་འཇུག་བྱེད་བཞིན་པ་ནི་གྲངས་ཀྱིས་མི་ལོངས་པ་ཞིག་ཏུ་གྱུར་ཡོད་པ་དང་། ད་ལྟའི་འཛམ་གླིང་གི་རྩོད་རྙོག་ཆེ་ཆུང་མང་པོ་ཞིག་གི་སྣེ་མོ་རུ་ཨ་མི་རི་ཀ་ཡོད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། སྐབས་རེ་དགོས་ངེས་ཀྱི་གནད་དོན་ཡང་མང་པོ་ཡོད་སྲིད་ཀྱང་། སྐབས་རེ་གནད་དོན་དེ་དག་གི་རྒྱབ་ལྗོངས་སུ་ཨ་རི་རང་ཉིད་ཀྱི་ཁེ་ཕན་དང་། སྐབས་རེ་ཆོས་ལུགས་འཐེན་འཁྱེར་གྱི་གནད་དོན་སོགས་སྐྱུག་བྲོ་བའི་རྒྱབ་ལྗོངས་རེ་ཡོད་པ་ལས། འཛམ་གླིང་ཞི་བདེ་དང་སྤྱི་ཕན་ཁོ་ན་མིན་པའི་གནས་ཚུལ་ཡང་ཇི་སྙེད་ཅིག་ཡོད། འོན་ཀྱང་ཨ་རིས་རྒྱལ་ཁབ་གཞན་ལ་དཔུང་འཇུག་གིས་མི་གསོད་ཁྲག་སྦྱོར་བྱས་པ་དེ་དག་འཚེ་བ་ཡིན་མིན་གྱི་གླེང་སློང་གང་ཡང་མེད་ལ། ཆུང་ས་ནས་བཤད་ན་བོད་མི་ཉམ་ཆུང་དག་གིས་བོད་ཀྱི་བདག་དབང་སླར་གསོའི་ཆེད་རང་ལུས་མེར་སྲེག་བཏང་བ་ཡང་འཚེ་བ་ཡིན་ཚུལ་བརྗོད་མཁན་ཡོད་པ་སོགས། ལས་དོན་གྱི་ངོ་བོ་ལ་མ་ལྟོས་པར། དེ་དང་འབྲེལ་ཡོད་ཀྱི་དཔུང་ཤུགས་ཆེ་ཆུང་ལ་བལྟས་ནས་འཚེ་བ་ཡིན་མིན་བརྗོད་པ་ལྟ་བུར་གྱུར་ཡོད།

ད་ལྟའི་ཆར་འཛམ་གླིང་གི་ནང་དུ་ཁ་ཆེ་ལ་བརྟེན་ནས་བྱུང་བའི་དམག་འཁྲུག་མང་པོ་ཞིག་ཡོང་གི་ཡོད་པ་དང་། ཁ་ཆེའི་ཆོས་ཞེན་པ་ཁག་ཅིག་གིས་འཛམ་གླིང་ས་ཕྱོགས་གང་སར་འཇིགས་སྐུལ་གྱི་ལས་འགུལ་ཐབས་སྐྱོ་པོ་མང་པོ་ཞིག་སྤེལ་བཞིན་ཡོད་ཅིང་། དེའི་ནང་ནས་ཉེས་མེད་མི་མང་དཀྱུས་མ་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་འཕྲོགས་བཞིན་པ་སོགས། ཧ་ཅང་ཐབས་སྡུག་པའི་གནས་ཚུལ་ཡོད་པ་དེ་དག་བྱེད་དགོས་པའི་རྒྱབ་ལྗོངས་དེ་ཨ་རིས་གཙོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་བ་གཏན་ནས་མེད་པ་ཞིག་མིན་ལ། གནས་ཚུལ་འདི་དག་ཀྱང་རྔ་དང་རྔ་དབྱུག་བཞིན་གཅིག་ལ་གཅིག་བརྟེན་གྱི་གནས་ཚུལ་ཡོད་པས། དཔལ་འབྱོར་དང་དམག་དོན་སོགས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་གིས་བྱས་ན་རང་བཞིན་ལྟ་བུ་དང་། དེ་ལས་ཉམ་ཆུང་བ་ཞིག་གིས་བྱས་ན་འཇིགས་སྐུལ་རིང་ལུགས་པར་འགྱུར་འགྲོ་བ་ལྟ་བུའི་གནས་ཚུལ་འདི་ནི་དྲང་བདེན་གཏན་ནས་མེད་པ་ལྟར་བུར་གྱུར་ཡོད་པར་བརྟེན། གནད་དོན་འདི་དག་ད་ལྟའི་དུས་འདིར་ཡང་ཁ་ཤུགས་དང་སྟོབས་འབྱོར་ཆེ་ཆུང་འབའ་ཞིག་ལ་རག་ལས་པ་ལྟ་བུར་ཡོད།

མདོར་བསྡུས་ན་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་། བྱང་ཀོ་རི་ཡ་དང་དེའི་རྒྱབ་ལྗོངས་སུ་གབ་པའི་རྒྱ་དམར་དྲག་གཞུང་ལྟ་བུ་གང་ཡིན་ཡང་དོན་དངོས་ཐོག་རྒྱལ་ཁབ་སོ་སོའི་ཆབ་འབངས་མི་སེར་གྱི་མི་མང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་པ་བཞིན། འཛམ་གླིང་སྤྱི་ཡོངས་ཀྱི་མི་མང་གི་ཚེ་སྲོག་ཀྱང་རྩེད་ཆས་སུ་གཏན་ནས་སྒྱུར་མི་འོས། དམག་འཁྲུག་རྒྱག་པའི་སྐབས་སུ་དམག་དཔུང་འབའ་ཞིག་ལ་ཤི་རྨས་བྱུང་བ་ཙམ་མ་ཡིན་པར། ཉེས་མེད་ཉམ་ཆུང་མི་མང་དཀྱུས་མ་གང་མང་ཞིག་གི་ཚེ་སྲོག་ལ་གནོད་སྐྱོན་འབྱུང་ངེས་པ་རེད། དབུ་ཁྲིད་དག་གིས་ཕན་ཚུན་ཕོ་ཤེད་དང་མགོ་རྣ་རྩོད་རྒྱུ་གཙོ་བོར་བཟུང་ནས་མི་མང་དཀྱུས་མའི་ཚེ་སྲོག་ལ་དོ་སྣང་མི་བྱེད་པ་ནི་ཆེས་གདུག་རྩུབ་ཅན་གྱི་བྱེད་སྟངས་ཤིག་ཏུ་གྱུར་ཡོད། སྤྱིར་ཁྲག་ཐོན་མི་དགོས་པའི་འཐབ་རྩོད་ཅིག་བྱེད་ཐབས་མེད་པའི་ལྟ་ཚུལ་འཛིན་མཁན་ཡོད་པ་དེ་མི་བདེན་པ་མེད་ཀྱང་། རྒྱལ་ཁབ་རང་བཙན་ཡོད་མཁན་དག་གིས་མི་མང་གི་བདེ་འཇགས་ལ་བསམ་བློ་བཏང་སྟེ་སྡོད་ས་ནས་སྡོད་ཤེས་དགོས་པ་དེའང་གལ་ཆེ་ཤོས་སུ་གྱུར་ཡོད་པ་ལྟ་བུར་མངོན།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||