མིག་རྒྱང་ཨ་བྲའི་མཇུག་མ་ལས་ཐུང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༨  ཕྱི་ལོ་ ༢༠༡༧/༡༢ /༢༠

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དམིགས་ཡུལ་དང་ལྟ་གྲུབ་ཅེས་ཁ་ནས་མ་ཎི་འདོན་པ་ལས་མང་ནའང་། དོན་དུ་ལྟ་གྲུབ་ཅེས་པ་ཁ་ནས་བཤད་རྒྱུ་ཞིག་ལས་ནང་དོན་ག་རེ་ཡིན་མིན་ཤེས་མཁན་ནི་ཧ་ཅང་ཉུང་ཉུང་ཡིན་ཚོད་དུ་སྣང་། ལྷག་པར་དུ་ད་ལྟའི་ཆར་འཐབ་རྩོད་ཀྱི་བསམ་བློའི་ནུས་ཤུགས་དེ་ཉིན་རེ་ནས་ཉིན་རེ་བཞིན་ཉམས་ཞན་དུ་འགྲོ་བཞིན་པ་དང་། དམིགས་ཡུལ་ཡང་རང་དོན་ཁོ་ན་ལས་བོད་སྤྱི་པའི་རྩ་དོན་དང་འབྲེལ་བའི་བསམ་བློ་ཡོད་མཁན་ནི་དཀོན་ནས་དཀོན་དུ་འགྲོ་བཞིན་པ་ལྟ་བུར་གྱུར་འདུག འོན་ཀྱང་མི་ཚང་མའི་ལྟ་སྟངས་དང་མཐོང་ཚུལ་གཅིག་པ་ཡིན་མི་སྲིད་པ་དང་། རང་ངོས་ནས་བདེན་པར་གྲུབ་པ་དེ་ཡང་གཞན་ངོས་ནས་རྫུན་པ་ཉག་གཅིག་ཏུ་མཐོང་སྲིད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། བསམ་ཚུལ་གཅིག་དང་མཐོང་ཚུལ་གཅིག་གིས་སྤྱི་ཡོངས་ལ་འགེབས་ཐུབ་པ་ཞིག་མིན་པ་དེ་ཡང་དང་པོ་ནས་བསམ་བློའི་གཞི་རྩར་ཉར་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དེར་བརྟེན་གནད་དོན་གང་ཡིན་ཡང་ཕྱོགས་ངོས་མང་པོ་ནས་ཤེས་རྟོགས་ཡོང་ཐབས་བྱས་ན་དོན་དངོས་དང་ཐག་ཉེ་བ་ཞིག་ཡོང་བར་ཕན་ངེས་རེད།

ཉེ་ཆར་བོད་པའི་སྤྱི་ཚོགས་སུ་འགྲོ་བཞིན་པའི་རྩོད་རྙོག་དག་ཀྱང་དོན་དུ་སྤྱི་པའི་རྩ་དོན་ལས་རང་ཁེ་དོན་གཉེར་གཙོར་འདོན་བྱེད་བཞིན་པའི་རྣམ་པ་ཕྱོགས་ཡོངས་ནས་གསལ་པོ་མངོན་འདུག དེར་བརྟེན་རྩོད་རྙོག་གི་མཇུག་འབྲས་ཀྱང་རང་གཞན་གང་ལའང་ཕན་མེད་གནོད་གཞིར་འགྱུར་ངེས་པ་རེད། གོང་དུ་བརྗོད་པ་བཞིན་གནད་དོན་འདི་དག་གི་འབྱུང་རྐྱེན་གཙོ་བོ་རང་འདོད་ཁོ་ན་ལས། བོད་སྤྱི་པའི་རྩ་དོན་དང་བོད་སྤྱི་པའི་བདེ་སྡུག་ལ་བསམ་བློ་གཏོང་མ་ཐུབ་པར་དམིགས་ཡུལ་རྒྱ་ཆུང་ཞིང་། ཆབ་སྲིད་ཀྱི་མིག་རྒྱང་ཨ་བྲའི་མཇུག་མ་ལས་ཀྱང་ཐུང་དྲགས་པ་ལ་བརྟེན་ནས་བྱུང་ཡོད། སྤྱི་པའི་རྩ་དོན་ལ་བསམ་བློ་གཏོང་མཁན་མང་པོ་ཡོད་པའི་དབང་དུ་བཏང་ན། ད་ལྟ་༧གོང་ས་མཆོག་དགུང་ན་མཐོ་བ་དང་བོད་ཀྱི་རྩ་དོན་གྱི་གནས་སྟངས་ཧ་ཅང་ཉག་ཕྲ་བའི་དུས་འདིར། འདི་ལྟ་བུའི་གནས་ཚུལ་ཐབས་སྡུག་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་དུ་ཡོང་མི་སྲིད་པ་རེད། གང་ལྟར་ཁ་ནས་༧གོང་ས་མཆོག་ཅེས་དུས་རྒྱུན་བརྗོད་ནའང་། དོན་དུ་༧གོང་ས་མཆོག་ནི་རང་དོན་སྒྲུབ་བྱེད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་པ་རེད།

ད་དུང་ཉེ་ཆར་བྱུང་བའི་གནས་ཚུལ་ཞིག་མཚུངས་དཔེ་རུ་བཞག་ནས་བཤད་ན། ལོ་འདིར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ཆེན་མོ་ཡིན་པ་དང་། སྐབས་འདིར་དྷ་རམ་ས་ལ་ས་གནས་ཀྱི་འགོ་ཁྲིད་ཁག་ཅིག་གིས་སྲིད་དོན་ཚོགས་པ་གཅིག་གི་འོས་མི་ཁོ་ན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཚ་ཚ་འུར་འུར་གྱི་ཐོག་ནས་བསྟན་སོང་། དོན་དུ་བོད་པ་ཉུང་ཤས་ཤིག་གིས་ས་གནས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་བྱས་ཡོད་ནའང་། དེ་ལ་བརྟེན་ནས་ས་གནས་མངའ་སྡེའི་འོས་བསྡུའི་ཁ་ལོ་སྒྱུར་ཐུབ་ཐབས་གཏན་ནས་མེད། གལ་སྲིད་འོས་བསྡུའི་ནང་མཉམ་ཞུགས་བྱེད་འདོད་ཡོད་ནའང་ཁུ་སིམ་པོའི་ཐོག་ནས་འོས་འཕེན་པ་ཙམ་ལས། སྲིད་དོན་ཚོགས་པ་གང་ལ་རྒྱབ་སྐྱོར་ཡོད་མེད་དང་། སྲིད་དོན་ཚོགས་པའི་འོས་མི་བྱེ་བྲག་པ་སུ་ལ་རྒྱབ་སྐྱོར་ཡོད་མེད་མངོན་གསལ་དོད་པོའི་ཐོག་ནས་ས་གནས་ཀྱི་འགོ་ཁྲིད་དག་གིས་བརྗོད་ན་དོན་དུ་བོད་སྤྱི་པའི་ལས་དོན་ལ་གནོད་ངེས་པ་རེད། ལྷག་པར་དུ་༧གོང་ས་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་དྷ་རམ་ལ་ནས་འདི་ལྟར་བྱེད་པ་ནི་ཆབ་སྲིད་ཀྱི་མིག་རྒྱང་ཐུང་དྲགས་པས་རེད།

ལྷག་པར་དུ་ད་ལན་བཞུགས་སྒར་དྷ་རམ་ས་ལའི་ས་གནས་ཀྱི་འགྲོ་ཁྲིད་ཁག་ཅིག་གིས་རྒྱ་གར་གྱི་འོས་བསྡུའི་ནང་རྔ་རྡུང་དར་འཕྱར་མང་པོ་བྱས་སོང་བ་དང་། དོན་དུ་རྒྱབ་སྐྱོར་བྱེད་ཡུལ་དེར་རྒྱལ་ཁ་ཐོབ་ཡོད་ན་གནས་སྐབས་ཁེ་ཕན་ཆུང་ཙག་རེ་ཡོད་སྲིད་ཀྱང་། རྒྱབ་སྐྱོར་བྱེད་ཡུལ་དེར་རྒྱལ་ཁ་ཡང་ཐོབ་མེད་པའི་དབང་དུ་བཏང་ན། དེའི་ཁ་གཏད་ཀྱི་འོས་གཞིའི་ཐོག་ནས་བོད་སྤྱི་པའི་ལས་དོན་ལ་གནོད་སྐྱོན་འགྲོ་བའི་གནས་ཚུལ་ཡང་མང་པོ་ཡོང་སྲིད་པ་རེད། དེར་བརྟེན་མ་འོངས་པར་ལྷ་རབ་བྱུང་ན་མི་སྒེར་སོ་སོས་གསང་བའི་ཐོག་ནས་རྒྱ་གར་དབུས་ས་གཉིས་ཀྱི་འོས་བསྡུའི་སྐབས་རྣམ་འགྱུར་མངོན་གསལ་དོད་པོ་སྟོན་མི་དགོས་པ་ཞིག་དང་། དེ་ལྟར་མ་བྱུང་ཡང་ས་གནས་ཀྱི་འགོ་ཁྲིད་དག་གིས་ལས་དོན་འདི་ལྟ་བུའི་རིགས་ཀྱི་སྣེ་ཁྲིད་བྱེད་པ་ནི་ཕན་མེད་གནོད་གཞིར་གྱུར་པའི་བྱེད་སྟངས་ཁོ་ན་རུ་གྱུར་ཡོད། ད་ལན་གྱི་ཉམས་མྱོང་དེའི་ཐོག་ནས་མ་འོངས་པར་ལེགས་སྤེལ་ཉེས་འགོག་ཡག་པོ་ཞིག་བྱེད་མ་ཐུབ་ན། ས་གནས་ཀྱི་འགོ་ཁྲིད་དག་གིས་རང་ཉིད་སྒེར་གྱི་ཁེ་ཕན་ཕྲན་བུ་རེའི་ཆེད་དུ་སྤྱི་ལ་གནོད་པའི་ལས་ཀ་སྣ་ཚོགས་བྱེད་མི་སྲིད་པ་མ་རེད།

མདོར་ན་སྐྱབས་བཅོལ་བོད་མི་དག་གི་ངོས་ནས་རང་ཉིད་སྐྱབས་བཅོལ་བ་ཡིན་པ་ཤེས་དགོས་པ་དང་། སྐྱབས་བཅོལ་བའི་གནས་བབས་ཐོག་ཏུ་ཡོད་པའམ། ཡིག་ཆའི་ཐོག་ནས་རྒྱལ་ཁབ་གཞན་གྱི་ཡུལ་མི་ཆགས་ཟིན་ནའང་། དོན་དུ་རང་ཡུལ་དུ་གནས་སྡོད་མི་ཆོག་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་ལས། ཡུལ་ལུང་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཤིག་གཏན་ནས་མིན་པས། ལོ་སྔོན་མ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕྱི་མི་ལ་ལངས་ཕྱོགས་དམིགས་བསལ་ཞིག་བཟུང་ཡོད་པ་དང་། མ་འོངས་པར་དེ་ལས་ཀྱང་ཛ་དྲག་པ་ཞིག་ལ་ཕྱི་ནས་ཡོང་བ་ཚང་མ་ཕྱིར་འཕུད་བྱ་རྒྱུའི་ཐག་གཅོད་ཅིག་ཡོང་མི་སྲིད་པ་གཏན་ནས་མིན་པས། སྐབས་དེ་དུས་རང་ཉིད་དངོས་སུ་རྒྱལ་ཁབ་གང་གི་ཆབ་འབངས་ཡིན་མིན་དེ་ཤེས་ཐུབ་ངེས་རེད། བཙན་བྱོལ་བོད་མི་དག་གི་ངོས་ནས་གནད་དོན་འདི་དག་ལ་བསམ་བློ་གཏོང་མ་ཐུབ་པ་མ་ཟད། རང་ཉིད་ཀྱིས་རང་ཉིད་སུ་ཡིན་ཙམ་ཡང་ངོ་མི་ཤེས་པ་ལྟ་བུ་ཆགས་མི་རུང་བ་དང་། ཕྱོགས་གང་ཐད་ནས་མིག་རྒྱང་ཐུང་མི་དྲགས་པར་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་བཏང་ནས་དམིགས་ཡུལ་ངེས་ཅན་ཡོད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།།

Print Friendly, PDF & Email
Share this: