མེས་རྒྱལ་བློས་གཏོང་བྱེད་དགོས་ཁེལ་ཡང་བློ་འགྱོད་མེད་ཟེར།

འདས་པའི་མི་ལོ་༩ ཡི་རིང་ལ་མེས་རྒྱལ་མ་མཐོང་ནས་བློས་གཏོང་བྱེད་དགོས་ཁེལ་ཡོད་ཀྱང་། ༧གོང་ས་མཆོག་གི་བསྟན་པའི་ལམ་ཐོག་སོང་ན་ཁེ་ཕན་ཆེ་བ་ཡོད་སྟབས་དེ་འགྲིག་པ་དང་རིན་ཐང་ལྡན་པ་ཚོར་བ་ལས་བློ་ཕམ་བྱུང་མེད་སྐོར་རྒྱ་རིགས་དགེ་རྒན་ཤ་མིང་གིས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་ཕྱི་དྲོར་དྷ་ས་མེག་གྷན་ཡོངས་གླིང་སློབ་གྲྭའི་ནང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་གྱི་གོ་སྒྲིག་འོག་ཨ་རིར་གནས་སྡོད་རྒྱ་རིགས་དགེ་རྒན་ཆེན་མོ་ཤ་མིང་གིས་དབུ་མའི་ལམ་གྱིས་རྒྱ་མི་རིགས་ཁྲོད་བཞག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། མཇུག་ཏུ་མང་ཚོགས་དང་མཉམ་དུ་དྲི་བ་དྲིས་ལན་བྱས་སོང་།

དགེ་རྒན་ཆེན་མོ་ཤ་མིང་གིས་གཏམ་བཤད་བྱས་པ་རྣམས་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཀྱིས་སྐད་བསྒྱུར་བྱས་པ་ལྟར་ན།   ཁོ་རང་གི་བྱིས་དུས་ཀྱི་སློབ་གསོའི་ནང་རྒྱ་ནག་གཞུང་གིས་བོད་ནི་ཆེས་མུན་ནག་དང་ཀླ་ཀློ། རྗེས་ལུས་ཅན་ཡིན་པ་ཞིག་མ་གཏོགས་བོད་པའི་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་དང་། དགེ་མཚན་ཆེན་པོ་ཡིན་སྐོར་མེད་སྟབས་དེའི་སྐོར་ཤེས་ཀྱི་མེད་པ་དང་། བོད་ཀྱི་བདེ་སྡུག་དང་ལས་དབང་ཐོག་ལ་དོ་སྣང་མེད་ཁར་དབྱིངས་མེད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ལ་བོད་འགྲེལ་བཤད་རྒྱག་སྐབས་༧གོང་ས་མཆོག་དང་། ༡༩༥༩ ལོར་བཙན་བྱོལ་དུ་ཡོང་བའི་བོད་པ་རྣམས་ལ་ཏ་ལའི་རུ་ཚོགས་ཞེས་འབོད་དེ་རྒྱ་ནག་ཁ་བྲལ་གཏོང་མཁན་ཡིན་སྐོར་སློབ་གསོ་གཏོང་གི་ཡོད་པ།

ཁོ་རང་ལ་རྒྱ་ནག་གི་སློབ་གསོ་ཐེབས་ཡོད་ཁར་སྤྱིར་བཏང་མི་དང་ཐུག་འཕྲག་བྱུང་སྐབས་དགའ་ཆོག་ཆོག་ཅིག་མིན་ཡང་། ཕྱི་ལོ་༢༠༠༨ ལོར་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་དང་འབྲེལ་བ་བྱུང་སྟེ། ཨ་རིའི་ནིའུ་ཡོག་ནས་༧གོང་ས་མཆོག་ལ་མཇལ་བཅར་གྱིས་ཕྱག་ལག་ལ་འཇུ་རྒྱུའི་གོ་སྐབས་བྱུང་སྟབས་སྐབས་དེར་ལུས་ཀྱི་རྩ་ཤོངས་པ་ལྟ་བུའི་ཚོར་སྣང་བྱུང་བ། དུས་དེ་ནས་བཟུང་བོད་དོན་ཐོག་དོ་སྣང་བྱེད་རྒྱུ་དེ་སོ་སོའི་མི་ཚེའི་ནང་གི་གནད་དོན་གཅིག་ཏུ་གྱུར་ནས་ད་བར་སྔ་རྗེས་སུ་༧གོང་ས་མཆོག་ཐེངས་༡༥ ལ་མཇལ་བཅར་ཞུས་ཏེ། ཆོས་དང་ཆབ་སྲིད་ཀྱི་སྐོར་ལ་བཀའ་འདྲི་ཞུ་རྒྱུ་བྱུང་བ། ༧གོང་ས་མཆོག་ནས་རྒྱ་ནག་གཞུང་གིས་བོད་པ་ཀླ་ཀློ་དང་མུན་ནག་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གི་ལོ་རྒྱུས་ནང་གསལ་བ་བཞིན་རྒྱ་མོ་རྐང་རིལ་བཟོ་བ་ལྟ་བུ་བོད་པས་གཏན་ནས་བྱེད་མྱོང་མེད་སྐོར་དང་། ཆབ་སྲིད་ཀྱི་ཐོག་ནས་རང་བཙན་དགོས་ཀྱི་ཡོད་པ་བཤད་ཀྱི་མེད་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་མིན་པའི་དོན་མ་ཡིན་པར། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ལ་རང་སྐྱོང་དགོས་ཀྱི་ཡོད་ཅེས་གསུངས་ཀྱི་ཡོད་རེད་ཅེས་དབུ་མའི་ལམ་གྱི་དོན་སྙིང་གཙོ་བོ་དེ་གསུངས་བྱུང་སྐོར་དང་།དེ་སྔོན་ཁོ་རང་གི་བསམ་བློའི་ནང་བོད་པ་ལམ་ཁ་ག་འདྲ་ཞིག་ལ་བསྐྱོད་ཀྱི་ཡོད་ན། རྒྱ་ནག་གཞུང་གིས་བཤད་པ་བཞིན་ཁ་བྲལ་མིན་ནམ་སྙམ་པའི་ཐེ་ཚོམ་ཡོད་པ་ལས་འདི་འདྲ་ཞིིག་རེད་བསམ་པའི་ངེས་ཤེས་གསལ་པོ་ཞིག་སྐྱེས་མེད་སྐོར་བརྗོད་སོང་།

དེ་བཞིན་དབུ་མའི་ལམ་གྱི་ཤུགས་རྐྱེན་ལ་མཚོན་ན། བོད་པས་དབུ་མའི་ལམ་ཞེས་བཤད་པའི་སྐབས་སུ་དབུ་མའི་ལམ་གྱི་དོན་སྙིང་གིས་རྒྱ་མི་རིགས་དང་རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་བྱེད་ཀྱི་མེད་པ་དང་། ད་ལྟའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་འགྲིག་གི་མེད་སྐོར་ཐོག་རྒྱ་རིགས་ནང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཡོད་པ། བོད་པའི་དབུ་ཁྲིད་ཚོས་འགྲེལ་བརྗོད་བྱས་པ་བཞིན་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་སློག་ཚེ། སུང་དང་། ཐང་། མིང་རྒྱལ་རབས་བཅས་སུ་བོད་རྒྱ་གཉིས་ཡུན་རིང་པོར་མཉམ་གནས་ཐུབ་པ་བྱུང་ཡོད་པ་བཞིན། མ་འོངས་པའི་ལོ་ཟླའི་ནང་མཉམ་གནས་བྱེད་མི་ཐུབ་རྒྱུ་མེད་སྟབས། ཉེ་བའི་ལོ་༦༠ ནང་རྒྱ་ནག་གཞུང་གིས་སྲིད་ཇུས་འཛིན་སྟངས་མ་འདྲ་བའི་དབང་གིས་རྒྱ་བོད་ཀྱི་འབྲེལ་བར་གཏོར་བཤིག་ཆེན་པོ་ཕྱིན་ཡོད་སྐོར། ནང་ཆོས་ནང་བྱམས་སྙིང་རྗེ་བཤད་པའི་སྐབས་སུ་སེམས་ཅན་ཐམས་ཅད་གསུང་པ་བཞིན་དབུ་མའི་ལམ་གྱི་དོན་སྙིང་ལས་རང་གཞན་གཉིས་ཆར་ཕན་ཐོགས་ཡོད་པ་དེ་དབུ་མའི་ལམ་གྱི་མཚོན་དོན་གལ་ཆེན་པོ་ཞིག་རེད་བསམ་གྱི་ཡོད་པ། ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། རྒྱ་དཀར་ནག་གི་ཆབ་སྲིད་ཀྱི་གནས་བབ་ལ་བལྟས་ན། དགོས་མཁོ་དང་འཚམ་ཤོས་དང་ཡག་ཤོས་དེ་དབུ་མའི་ལམ་མཐོང་གི་ཡོད་པ་མ་ཟད། དབུ་མའི་ལམ་གྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ལམ་དེ་གནད་འགག་ཆེན་པོ་རུ་མཐོང་ནས་རི་བོ་ཧི་མ་ལ་ཡའི་སྟེང་གི་རླབས་ཆེན་གྱི་དབུ་ཁྲིད་ཅེས་བྲིས་ཡོད་པ་དང་། དེ་༧གོང་ས་མཆོག་ལ་ཞུ་ཡི་ཡོད་པ། དེའི་དོན་ནི་དབུ་ཁྲིད་ཡོངས་ཀྱི་ཁྲོད་ནས་མཐོ་ཤོས་དང་ཡག་ཤོས་སུ་ངོས་འཛིན་གྱིས་ཡིན་པ། ཐོག་མར་ཁོ་རང་གི་སེམས་ནང་བོད་ཀྱི་སྐོར་རྒྱ་ནག་གཞུང་གི་སློབ་གསོ་བཞིན་ཡིན་པ་ལས་གཞན་ལྟ་ཚུལ་གང་ཡང་མེད་ཀྱང་། ༧གོང་ས་མཆོག་ལས་མི་ཟེར་བ་འཚོ་ཞིང་གནས་དགོས་པའི་སྐོར་སོགས་བཀའ་འདྲི་ཞུས་ཏེ་རྒྱུས་མངའ་བྱུང་ནས་ད་ལྟའི་ཆར་ལྟ་སྟངས་དེ་འདྲ་བྱུང་ཡོད་པ། ཁོང་རྒྱ་རིགས་ཤེས་ཡོན་ཅན་གཅིག་ཡིན་ཡང་། དབུ་མའི་ལམ་དེ་རྒྱུ་མཚན་དང་ལྡན་པ་ཡིན་པའི་ལྟ་སྟངས་ཡོད་མཁན་ཁོང་གཅིག་པུ་མིན་པར་རྒྱ་རིགས་ཤེས་ཡོན་ཅན་ལིའུ་ཞའོ་པོ་དང་། ཝང་ལེ་ཞུང་། ལིའུ་ཅང་ལིང་སོགས་རྒྱལ་ཕྱི་ནང་གང་སར་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་གཞན་མང་པོ་ཡོད་པ། རྒྱ་ནག་ནང་གི་ཤེས་ཡོན་ཅན་ཁག་ཅིག་གིས་དབུ་མའི་ལམ་གྱི་སྲིད་ཇུས་ཁོང་ཚོས་གོ་བ་ནང་བཞིན་ཡིན་མིན་ཐད་དོགས་པ་བྱེད་མཁན་བྱུང་ཡང་། ཕྱིས་སུ་འབྲེལ་བ་བྱས་ནས་དེ་ལྟར་ཡིན་པ་གསལ་པོ་བཟོ་དུས་ཧང་སང་ནས་དེ་འདྲའི་སྲིད་ཇུས་ཤིག་ཡོད་པ་དེ་སྔོན་གཏན་ནས་ཤེས་ཀྱི་མེད་སྐོར་བརྗོད་མཁན་བྱུང་བ། རྒྱ་ནག་གཞུང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནང་དོན་ཐོག་མི་མང་ནས་ཤེས་རྟོགས་ཡོང་མི་ཐུབ་པ་བཟོ་བ་དང་། ༧གོང་ས་མཆོག་གི་མཛད་པ་དང་དགོངས་པ་བཞེས་ཕྱོགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ། ཁོ་རང་གིས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས་རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་བྱུང་བ་མ་ཟད། ད་བར་ལོ་ངོ་༩ ཡི་རིང་ལ་མེས་རྒྱལ་མ་མཐོང་ནས་བློས་གཏོང་བྱེད་དགོས་ཁེལ་ཡོད་ཀྱང་། ༧གོང་ས་མཆོག་གི་བསྟན་པའི་ལམ་ཐོག་འགྲོ་བ་ལ་ཁེ་ཕན་ཆེ་བ་ཡོད་སྟབས་དེ་འགྲིག་པ་དང་རིན་ཐང་ལྡན་པ་ཚོར་བ་ལས་བློ་ཕམ་བྱུང་མེད་པ།

ཤུགས་རྐྱེན་ལྡན་པའི་དབུ་མའི་ལམ་གྱི་ནང་དོན་ཐོག་རྒྱ་ནག་གཞུང་གིས་བྱེད་ཐབས་གཉིས་སྤྱོད་ཀྱི་ཡོད་པ་ནི། ནང་དོན་བཀབ་པ་དང་། དེར་འཁྱོག་བཤད་བྱེད་པ་གཉིས་ཡིན་པ། རྒྱ་ནག་གཞུང་གིས་ཡོ་ཆས་ཡོངས་རྫོགས་སྤྱད་ནས་དབང་ཆ་གཅིག་སྡུད་ཀྱི་ལམ་ནས་གནས་ཚུལ་ཕྱིར་གྱར་མི་ཤོར་བ་བྱེད་ཀྱི་ཡོད་པ། སྲིད་སྐྱོང་བློ་བཟང་སེང་གེ་དང་མཇལ་འཕྲད་སྐབས་བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་ཟེར་བའི་བོད་ཀྱི་གནའ་དཔེ་དེ་གསུང་བྱུང་བས། བོད་པ་ཚོས་དེར་ཡིད་ཆེས་བྱེད་དགོས་པ་དང་། རྒྱ་ནག་གིས་དེར་ངོས་ལེན་བྱེད་དགོས་པ་སོགས་ཀྱི་སྐོར་ལ་བརྗོད་སོང་།

གཞན་ཡང་༧གོང་ས་མཆོག་ནས་ཡོ་རོབ་ཐུན་ཚོགས་ལ་བསྔགས་བརྗོད་གནང་བ་བཞིན། མ་འོངས་པར་ཁེར་རྐྱང་ལས་མཉམ་འབྲེལ་བྱས་ན་དགེ་མཚན་ཆེ་སྐོར་དང་། རྒྱ་ནག་འགྱུར་བ་འགྲོ་ངེས་སྐོར། གྲོས་མོལ་དང་འཚེ་མེད་ཞི་བའི་ལམ་ནས་དཀའ་རྙོག་སེལ་དགོས་སྐོར། བོད་པས་རང་ལུས་མེར་བསྲེག་བྱས་པ་ལ་ཕན་ཐོགས་ཡོད་མེད་ཐོག་བསམ་གཞིགས་བྱེད་དགོས་སྐོར། ད་ལྟ་༧གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་མང་ཚོགས་ལ་གནང་ཡོད་སྟབས་དཀའ་ངལ་ཡོད་ཀྱང་། སྦྱོང་བརྡར་གྱི་གོ་སྐབས་ཡིན་པ་བསམ་གྱི་ཡོད་སྐོར། རྒྱ་མི་རིགས་དང་བོད་པ་གཉིས་ཀས་ཐུན་མོང་ཐོག་ནས་རང་དབང་བརྩོན་ལེན་ཐོག་འབད་བརྩོན་དགོས་སྐོར་དང་། མཇུག་ཏུ་དྲི་བ་དྲིས་ལན་སྐབས་མ་འོངས་པར་བོད་རྒྱ་གཉིས་མཉམ་གནས་བྱུང་ཚེ་རྒྱ་མི་རིགས་ཀྱིས་བོད་པར་མཐོང་ཆུང་དང་ཐུབ་ཚོད་བཏང་ཚེ། བོད་པས་རང་བཙན་སོགས་ལམ་ཁ་ག་འདྲ་ཞིག་གི་ཐོག་བསྐྱོད་ཀྱང་། ཁོང་གི་ངོས་ནས་རྒྱབ་སྐྱོར་ཡོད་སྐོར་བཅས་སོགས་བརྗོད་སོང་།

གསར་འགོད་པས། རྒྱ་རིགས་ཤེས་ཡོན་ཅན་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་ཟེར་མཁན་མང་པོ་རེད་དེ། དེའི་ནང་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ཁོངས་རེད་ཅེས་བཤད་མཁན་མང་པོ་འདུག རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་དང་། རྒྱ་རིགས་བོད་ཀྱི་གྲོགས་པོ་ཡིན་ཟེར་མཁན་ཁག་ཅིག་གིས་བོད་དེ་ལོ་རྒྱུས་ཐོག་རྒྱ་ཁོངས་རེད་ཅེས་བཤད་ཡོང་ན། བོད་ཀྱི་ལོ་རྒྱུས་ནག་བསུབ་གཏོང་ཐབས་ལས་བོད་ལ་ཁེ་ཕན་ཞིག་མི་འདུག ཁྱེད་རང་གིས་རྒྱ་ནག་གིས་བོད་རྒྱལ་ཁབ་ཅིག་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་དམ། ཁྱེད་རང་གིས་དེབ་ནང་༧གོང་ས་མཆོག་ ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེ་རྒྱ་ནག་གི་མི་ཞིག་ལ་ཐོབ་པ་ཡིན་སྐོར་བྲིས་འདུག ༧གོང་ས་མཆོག་རྒྱ་ནག་གི་མི་ཞིག་ཆགས་ཡོད་མ་རེད། གཉིས་ནས་བོད་ཀྱི་ས་གནས་མི་རིགས་རང་སྐྱོང་དེ་རྒྱ་ནག་གི་རྩ་ཁྲིམས་འོག་རྩོད་ཀྱི་ཡོད་པས། ཁྱེད་རང་མང་གཙོ་དོན་གཉེར་བ་ཞིག་ཡིན་ན་རྒྱ་ནག་གིས་རྩ་ཁྲིམས་འོག་མང་གཙོ་ཞིག་ཡོང་གི་ཡོད་མ་རེད། དེའི་ཐོག་ལྟ་སྟངས་གང་ཡོད་ཅེས་དྲིས་པར།

དགེ་རྒན་ཤ་མཱིང་གིས། རྒྱ་ནག་གི་རྩ་ཁྲིམས་ལ་ངོས་ལེན་མེད་སྐོར་དང་། རྩ་ཁྲིམས་འགྲིག་ཡོད་ན་ཁོང་ཡང་རྒྱ་ནག་ཏུ་འགྲོ་མི་ཆོག་པ་ཡོང་གི་མེད་སྐོར་འགྲེལ་བརྗོད་བྱས་སོང་ལ། ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གསུམ་རྒྱ་ནག་ནས་ཡོང་བ་རེད་ཅེས་ངས་བྲིས་པ་དེ་ལོ་རྒྱུས་ལ་དཀྱོག་བཤད་དེ་འདྲ་མིན་པར། ༧གོང་ས་མཆོག་རྒྱ་ནག་ལ་ཕེབས་མྱོང་བ་དང་། ངོས་ལེན་ཡོད་མེད་ལ་མ་ལྟོས་རྒྱ་ནག་གི་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་གྱིས་མཚན་གནས་བཞེས་མྱོང་ཡོད་པས་བྲིས་པ་ཡིན་སྐོར་ངོ་སྤྲོད་གནང་སོང་།།

ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ཀྱིས་དགེ་རྒན་ཆེན་མོ་ཤ་མིང་ངོ་སྤྲོད་བྱས་པ་ལྟར་ན། སྐུ་ཞབས་ཤ་མིང་ནི་རྒྱ་ནག་སི་ཁྲོན་ཞིང་ཆེན་ནས་སྐྱེས་འཚར་བྱུང་ཁར། རྒྱ་ནག་ནས་སློབ་སྦྱོང་བྱས་ནས་ད་ལྟ་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་སློབ་གྲྭ་ཆེན་མོ་ཞིག་གི་ནང་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་བྱེད་མུས་ཡིན་འདུག་པ་དང་། ཕྱི་ལོ་༢༠༠༩ ནས་བཟུང་བོད་དང་འབྲེལ་བའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་དང་། རྒྱ་རིགས་ཀྱི་ཚོགས་འདུ། བོད་དོན་དང་འབྲེལ་བའི་ཚོགས་འདུ་ཁག་སྣ་ཚོགས་པའི་ནང་མཉམ་ཞུགས་བྱས་ཡོད་པ་དང་། སྔ་རྗེས་སུ་བོད་དོན་ཐོག་རྩོམ་ཡིག་མང་པོ་སྤེལ་མཁན་ཞིག་ཡིན་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1006

Leave a Reply