ཚོགས་པ་དང་མི་མང་གི་འབྲེལ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༣   ཕྱི་ལོ་ ༢༠༡༧/༦  /༢༨

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་ཡོད་པ་དང་། ཚོགས་པ་དེ་དག་གི་རྒྱུན་ལས་དང་ཚོགས་མི་སྤྱིའི་འབྲེལ་བ་དང་ནུས་ཤུགས་ཀྱི་ཆ་ནས་སྐབས་རེ་ཡོད་པ་དང་སྐབས་རེ་མེད་པ་ལྟ་བུའི་མཐོང་ཚུལ་ཞིག་དུས་རྒྱུན་མིག་མདུན་དུ་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། མངའ་རིས་སྤྱི་མཐུན་ཚོགས་པ་སོགས་ཀྱི་རྒྱུན་ལས་ནི་ཚོགས་ཆེན་གྱི་སྐབས་སུ་འདེམས་ཀྱི་ཡོད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་ཀྱང་སྔོན་མ་ལམ་སྲོལ་འདི་ལྟར་ཡིན་ཡང་། བར་ལམ་ནས་ནང་ཁུལ་རྩོད་རྙོག་མང་དག་ཅིག་བྱུང་ནས་ཕྱི་ལོ་༢༠༠༡ ལོར་རྒྱལ་ཡོངས་འོས་བསྡུའི་ལམ་ནས་དབུས་རྒྱུན་བདམས་པ་ནས་བཟུང་། དབུས་རྒྱུན་རྣམས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གྱི་ས་ཁུལ་ཡོངས་རྫོགས་ནས་འོས་འདེམས་བྱེད་བཞིན་ཡོད།

ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ལ་སྤྱི་ཚོགས་ནང་ལྟ་སྟངས་འདྲ་མིན་སྣ་ཚོགས་ཡོད་ནའང་། དབུས་རྒྱུན་འོས་འདེམས་བྱེད་སྟངས་ཀྱི་ལམ་སྲོལ་ཡག་པོ་མིན་པའི་སྐྱོན་བརྗོད་བྱེད་མཁན་མེད་པ་དང་། འོས་བསྡུའི་སྐབས་རྩོད་རྙོག་ཙག་ཙིག་རེ་ཡོང་གི་ཡོད་ནའང་། སྤྱི་ཡོངས་ནས་ད་བར་འོས་བསྡུའི་ལམ་སྲོལ་འདི་ཉིད་ཚོགས་པ་གཞན་དག་གིས་མིག་དཔེར་འོས་པ་ཞིག་ཏུ་གྱུར་ཡོད། ཚོགས་པ་སོ་སོའི་ཚོགས་མི་ཚང་མས་འོས་འདེམས་ཀྱི་ལམ་ནས་རྒྱུན་ལས་འདེམས་བསྐོ་བྱ་རྒྱུའི་གོ་སྐབས་ཡོད་ན། མི་མང་དང་ཚོགས་པའི་བར་འབྲེལ་བ་རང་བཞིན་གྱིས་དམ་དུ་འགྲོ་བ་དང་། ཆུ་སྒང་དབུས་རྒྱུན་གྱི་འོས་བསྡུའི་སྐབས་ཁྱབ་བསྒྲགས་དང་འགྲན་རྩོད་ཀྱི་རྣམ་པ་ནི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དང་གཅིག་མཚུངས་ལྟ་བུར་གྱུར་ཡོད་པས། འོས་གཞིར་ཞུགས་མཁན་དང་། འོས་འཕེན་པ་ཚང་མས་དེ་ལུགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད། དེར་བརྟེན་ད་ལྟའི་ཆར་བཙན་བྱོལ་ནང་གི་ཚོགས་པ་ཞིག་གི་ངོས་ནས་རང་ཁོངས་མི་མང་ལ་ཤུགས་རྐྱེན་ཆེ་ཤོས་དེ་ཆུ་བཞི་སྒང་དྲུག་ཡིན་པའི་རྒྱུ་མཚན་ཡང་ཕྱོགས་གཅིག་ནས་འདི་ལ་ཐུག་ཡོད།

རྒྱུ་མཚན་དང་རྒྱབ་ལྗོངས་ག་རེའི་ཐོག་ནས་དེ་ལྟར་ཁུར་དགོས་ཐུག་མིན་མི་ཤེས་ཀྱང་། ཉེ་ཆར་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་ཐོག་དབུས་རྒྱུན་འོས་འདེམས་ཀྱི་ལམ་སྲོལ་ལ་འགྱུར་བ་བཏང་ནས། ཚོགས་པ་གཞན་དག་གི་བྱེད་སྟངས་དང་གཅིག་མཚུངས་བཞིན་ཚོགས་ཆེན་གྱི་སྐབས་སུ་འོས་འདེམས་ཐག་གཅོད་བྱ་རྒྱུའི་སྒྲིག་གཞི་བསྐྱར་བཅོས་དབུས་རྒྱུན་གྱིས་ཁུར་ཡོད་ནའང་། ཚོགས་ཆེན་ཐོག་དེ་ལ་མོས་མཐུན་རྒྱབ་སྐྱོར་མ་ཐོབ་པར་དབུས་རྒྱུན་འོས་འདེམས་བྱེད་སྟངས་རང་འཇགས་ལྷག་ཡོད་འདུག གནད་དོན་འདིའི་ཐོག་དབུས་རྒྱུན་ལས་ཀྱི་དམིགས་ཡུལ་ག་རེ་ཡིན་མིན་ལ་མ་ལྟོས་པར། ཚོགས་ཞུགས་པ་རྣམས་ཀྱི་བསམ་ཚུལ་ག་རེ་ཡིན་མིན་དེ་གསལ་པོ་བྱུང་བ་རེད། ད་ལན་འདིར་ཆེད་དུ་གླེང་དགོས་དོན་ནི། ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་འོས་འདེམས་ཀྱི་ལམ་སྲོལ་བཞིན་དབུས་གཙང་དང་། མདོ་སྨད་སོགས་ཀྱིས་མིག་དཔེ་བལྟ་དགོས་པ་ཞིག་ཏུ་གྱུར་ཡོད་པ་ལས། ཆུ་བཞི་སྒང་དྲུག་ལ་གཞན་གྱིས་མིག་དཔེར་འོས་པ་ཁག་ཅིག་ཡོད་པ་དེ་དག་རེ་རེ་བཞིན་ཕྱིར་བསྡུ་བྱ་བར་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད།

ཚོགས་པ་གཞན་དག་གིས་ཀྱང་རྒྱུན་ལས་འོས་འདེམས་ཀྱི་ལམ་སྲོལ་འདི་ལྟ་བུ་བྱུང་ན་དབུས་རྒྱུན་དང་མི་མང་གི་འབྲེལ་བ་བཟང་དུ་འགྲོ་བ་མ་ཟད། དབུས་རྒྱུན་གྱི་ཤུགས་རྐྱེན་མི་མང་ནང་ཆེ་རུ་འགྲོ་བ་དང་། དབུས་རྒྱུན་ལ་མི་མང་གི་རེ་བའང་ཆེ་རུ་འགྲོ་ངེས་རེད། དེར་བརྟེན་མི་ཉུང་ཤས་ཙམ་གྱིས་འོས་ཤོག་འཕངས་ནས་བདམས་པ་ལས་རྒྱ་ཆེའི་མི་མང་སྤྱི་ཡོངས་ནས་གོ་སྐབས་ལེན་ཆོག་པ་ཞིག་ཡོད་ན། ཚོགས་པ་དང་མི་མང་གི་འབྲེལ་བ་རྒྱུན་གནས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཏུ་འགྱུར་ངེས་རེད། དེར་བརྟེན་མང་གཙོའི་ལམ་སྲོལ་ཡག་པོ་ཡོད་པའི་སྤྱི་ཚོགས་ནང་མི་མང་གི་བསམ་ཚུལ་དང་། མི་མང་གི་ཤུགས་རྐྱེན་ལ་བསམ་བློ་གཏོང་མི་ཐུབ་པའམ་དེའི་ཁ་ཕྱོགས་འཚོ་མི་ཐུབ་པའི་འགོ་ཁྲིད་དག་ནི་རིམ་པས་གྲོགས་མེད་ཁེར་རྐྱང་དུ་འགྱུར་རྒྱུ་ལས་མེད། དེར་བརྟེན་བཙན་བྱོལ་ནང་གི་ཚོགས་པ་མང་པོ་ཞིག་ལ་དཀའ་ངལ་འདི་དག་འཕྲད་མུས་སུ་ཡོད་ལ། མ་འོངས་པར་ཡང་འཕྲད་སྲིད་པའི་གནས་ཚུལ་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་པས། ཚོགས་པ་ཁག་གིས་ཉེན་ཁ་འདི་དག་སྔོན་འགོག་བྱ་རྒྱུའི་དུས་ལ་སླེབས་ཡོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཡང་མིང་ཙམ་གྱིས་ཚོགས་པ་ཁག་ཅིག་གི་ལག་ཏུ་ཡོད་པ་ལྟ་བུའི་བསམ་ཚུལ་དང་སྣང་ཚུལ་གཉིས་ཀ་ཡོད་པར་བརྟེན། ཚོགས་པ་ཁག་གིས་བསམ་བློ་དང་བྱེད་སྟངས་གང་ཐད་ནས་སྤྱི་ཚོགས་དང་ཐག་ཉེ་པོའི་ཐོག་ནས་སྣེ་ཁྲིད་ཐུབ་དགོས་པ་ལས། ཚོགས་པ་ཁག་མིང་ཙམ་ལས་དོན་གྱིས་མི་མང་དང་འབྲེལ་བ་མེད་པར་མི་མང་གི་ཤུགས་རྐྱེན་འགོག་ཐབས་བྱས་ན། དེ་ནས་བཟུང་རིམ་པས་ཚོགས་པ་ཁག་གི་ནུས་ཤུགས་ཀྱང་ཉམས་གུད་དུ་འགྲོ་རྒྱུ་ཡིན་པ་སྨྲོས་མ་དགོས་པ་རེད། དོན་དག་འདི་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་བསམ་བློ་གཏོང་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ངེས་པར་དུ་དགོངས་པ་བཞེས་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། སྒྲིག་འཛུགས་དང་ཚོགས་པ་ག་འདྲ་ཞིག་ཡིན་ཡང་མི་མང་གི་བསམ་ཚུལ་དང་ཤུགས་རྐྱེན་དེ་གལ་ཆེ་ཤོས་སུ་བརྩི་དགོས་པ་ལས། དེ་དང་འབྲེལ་བ་མེད་པའི་ལྟ་ཚུལ་འཛིན་མཁན་དང་དེ་ལྟ་བུའི་ཐབས་ཤེས་བྱེད་མཁན་ནི་སྤྱི་ཚོགས་ཀྱི་འགལ་རྐྱེན་ཁོ་ནར་གྱུར་ཡོད།།

Share on Facebook2Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 57

Leave a Reply