ཝར་ན་མཐོ་སློབ་ཀྱི་བོད་པའི་སློབ་ཕྲུག་ཅིག་གིས་རང་སྲེག་གནང་འདུག

ཟླ་༧ པའི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཝར་ན་སིའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་བཞིན་སྐབས། དབུ་མ་གོང་མའི་འཛིན་རིམ་དང་པོའི་སློབ་མ་བསྟན་འཛིན་ཆོས་དབྱིངས་ཀྱིས་གཙུག་ལག་ཁང་གི་བུའི་སྡོད་ཁང་གི་རྒྱལ་སྒོའི་འགྲམ་དུ་རང་ལུས་མེར་སྲེག་གནང་ཡོད་འདུག

ཝར་ན་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འཆི་མེད་རྣམ་རྒྱལ་གྱིས་བརྗོད་དོན་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་སློབ་ཕྲུག་ལ་བཀའ་སློབ་གནང་བཞིན་སྐབས། སྔ་དྲོའི་ཆུ་ཚོད་༩ པའི་རྗེས་ལ་ཁོང་གིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ད་ལྟའི་ཆར་སྨན་ཁང་དུ་ཛ་དྲག་གི་གནས་སྟངས་འོག་སྨན་བཅོས་བྱེད་བཞིན་ཡོད་ཁར། མགོ་དང་གདོང་པར་རྨས་སྐྱོན་ཕོགས་མེད་ཀྱང་གཟུགས་པོའི་བརྒྱ་ཆ་༦༦ ཚིགས་ཡོད་པ་རེད་འདུག

ཁོང་ནི་བོད་མིའི་ལྷོ་ཕྱོགས་གཞིས་ཆགས་ཀོ་ལི་གྷལ་ཡིན་པ་དང་། ཝར་ན་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། རྒྱུན་དུ་ནས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་ཁར། བོད་ཀྱི་མི་རིགས་དང་རྒྱལ་ཁབ་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང་།

བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱི་བརྗོད་དོན་ལྟར་ན། ཁོང་ནི་རྒྱུན་དུ་ནས་བོད་མི་རིགས་དང་རྒྱལ་ཁབ་ལ་སེམས་ཚོར་ཆེན་པོ་ཡོད་མཁན་དང་ལས་འགུལ་མང་པོར་མཉམ་ཞུགས་བྱེད་ཀྱི་ཡོད་འདུག

དེ་བཞིན་དེ་རིང་ཉིན་གུང་ལ་འཆི་མེད་རྣམ་རྒྱལ་ཁོང་ལ་སྨན་ཁང་དུ་ཐུག་འཕྲད་བྱེད་དུ་ཕྱིན་ཡོད་པ་དང་། སྐབས་དེར་ཁོང་གིས་རང་ལུས་མེར་སྲེག་གནང་དགོས་དོན་ནི་བོད་མི་རིགས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་ཡོད་འདུག

ཁོང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་འདུག་པ་དང་། ཐོག་མར་དེ་གང་དུ་ཡོད་རྙེད་སོན་བྱུང་མེད་པ་རེད་ཀྱང་། རྗེས་སུ་རྙེད་སོན་བྱུང་འདུག

ཁ་ཆེམས་དེ་ནི་རང་ཉིད་ཀྱི་གྲོགས་པོ་ཡག་ཤོས་ནོར་བུའི་མིང་ཐོག་བཞག་འདུག་པ་དང་། དེའི་ནང་ནོར་བུ་ལ་མི་ངུ་བའི་རེ་བ་བརྒྱབ་ནས། ཁོང་གི་ཕ་མ་གཉིས་པོར་ཡང་མི་ངུ་བའི་ལན་བསྐྱལ་རོགས་ཞུས་འདུག དེ་བཞིན་ཁོང་གིས་རང་ཉིད་ཀྱི་གཟུགས་པོ་དེ་བོད་ཀྱི་ཆེད་དུ་ཡིན་པ་དང་། བོད་ཀྱི་ཆེད་དུ་མེར་སྲེག་གནང་བ་ཡིན་སྐོར་གཙོ་བོ་བརྗོད་ནས། རང་ཉིད་ཀྱི་ཕ་ཡི་ཁ་པར་ཨང་གྲངས་ཀྱང་ཁ་ཆེམས་དེའི་ནང་བཀོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 3217

Leave a Reply