ཞི་ཅི་ཕིང་གིས་མ་ཁེ་སིའི་རིང་ལུགས་དོར་ཚེ་ང་ཚོའི་བླ་སྲོག་དང་ཁ་ཕྱོགས་བོར་གྱི་རེད་ཟེར།

ཞི་ཅི་ཕིང་གིས་དམར་ཤོག་གི་ཚོགས་མི་རྣམས་ཀྱིས་དེང་རབས་ཀྱི་མ་རྩ་རིང་ལུགས་ལ་སློབ་སྦྱོང་བྱེད་དགོས་ཀྱང་། མ་ཁེ་སིའི་རིང་ལུགས་སྣང་མེད་དུ་གཏོང་བའམ་དོར་ཚེ། ང་ཚོའི་བླ་སྲོག་དང་ཁ་ཕྱོགས་བོར་གྱི་རེད་ཅེས་བརྗོད་ཡོད་འདུག

ཕྱི་ཟླ་༩ པའི་ཕྱི་ཚེས་༣༠ ཉིན་རོའུ་ཊར་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་༢༩ ཡི་ཉིན་རྒྱབ་ཏུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་ལྷན་ཚོགས་ཞིག་འཚོགས་ཡོད་འདུག་ཅིང་། སྐབས་དེར་སྲིད་འཛིན་ཞི་ཅི་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ནས་ངེས་པར་དུ་དེང་རབས་ཀྱི་མ་རྩ་རིང་ལུགས་ལ་སློབ་སྦྱོང་བྱེད་དགོས་ཀྱང་། མ་ཁེ་སིའི་རིང་ལུགས་ནམ་ཡང་སྣང་མེད་དུ་གཏོང་མི་རུང་བ་དང་། དེར་གོ་བ་གཏིང་ཟབ་སྐྱེ་ཐུབ་པ་བྱ་རྒྱུར་འབོད་སྐུལ་བྱས་ཡོད་འདུག་ཅིང་། དེ་ནི་ཕྱི་ཟླ་༡༠ པའི་ཕྱི་ཚེས་༡༨ ནས་འགོ་འཛུགས་ཀྱིས་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ལ་ཉེ་བ་དང་བསྟུན་ནས། དམར་ཤོག་གཞུང་གི་དབང་ཆ་ཉམས་དམས་སུ་གཏོང་རྒྱུ་མིན་པའི་བརྡ་ལན་གསལ་པོ་གཏོང་བ་ཞིག་ཡིན་སྐོར་འདུག

འདས་པའི་ལོ་ངོ་ལྔ་མ་ཟིན་ཙམ་གྱི་རིང་དུ་ཞི་ཅི་ཕིང་གིས་སྲིད་དབང་བཟུང་ནས་དྲ་རྒྱ་དང་། བརྒྱུད་ལམ་ཁག་སོགས་ལ་དམ་དྲག་ཆེ་རུ་བཏང་ཡོད་ཁར། ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་དང་བསམ་ཚུལ་ཐ་དད་འཛིན་མཁན་རྣམས་བཙོན་འཇུག་བྱས་ཡོད་པ་རེད།

ལྷན་ཚོགས་དེའི་ཐོག་ཞི་ཅི་ཕིང་གིས་“གལ་ཏེ་ང་ཚོས་མ་ཁེ་སིའི་རིང་ལུགས་སྣང་མེད་དུ་གཏོང་བའམ་དོར་ཚེ། ང་ཚོའི་བླ་སྲོག་དང་ཁ་ཕྱོགས་བོར་གྱི་རེད་”ཅེས་དང་། “མ་ཁེ་སིའི་རིང་ལུགས་ཀྱི་ལམ་སྟོན་རྨང་གཞི་རུ་བཟུང་བའི་སྒང་། ང་ཚོས་ངེས་པར་དུ་བློ་རྩེ་གཉིས་མེད་ཐོག་ནས་ཆོད་སེམས་བརྟན་པོ་རྒྱུན་འཁྱོངས་བྱེད་རྒྱུ་ལས་དུས་སྐབས་དང་གནས་སྟངས་ག་འདྲ་ཞིག་ཡིན་ཡང་སོམ་ཉི་བྱེད་མི་རུང་”ཞེས་དང་། དུས་ཚོད་འགྱུར་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བཞིན་ཡོད་ཀྱང་། མ་ཁེ་སིའི་རིགས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་བདེན་པ་རུ་གནས་ཡོད་པ་དང་། དམར་ཤོག་ཚོགས་པས་ངེས་པར་དུ་མུ་མཐུད་ནས་རྒྱ་ནག་གི་ཐུན་མིན་ཁྱད་ཆོས་དང་སྦྲགས་ནས་སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་དགོས་པ། དེ་བཞིན་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ནུས་པ་གོང་འཕེལ་དང་། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་རྣམས་མིག་མཐོང་ར་སྤྲོད་བྱེད་དགོས་སྐོར་སོགས་བརྗོད་ཡོད་འདུག་པ་མ་ཟད། དམར་ཤོག་གི་ཚོགས་མི་ཚོར་དེང་རབས་མ་རྩ་རིང་ལུགས་ལ་སློབ་སྦྱོང་བྱེད་རྒྱུའི་རེ་སྐུལ་ཡང་ཞུས་ཡོད་འདུག

ཕྱི་ལོ་༡༩༧༠ ནང་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་བཏང་ནས་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱི་ཁྲོད་ནས་དཔལ་འབྱོར་ཐད་ནས་སྟོབས་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་སྒེར་གཉེར་ཚོང་ལས་ཁང་རྣམས་ལ་སྐུལ་འདེགས་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། མ་འཛུགས་ཆེ་ཤོས་དང་འཕེལ་རྒྱས་གཙོ་བོ་འབྱུང་ས་ནི་རྒྱ་ནག་གཞུང་གིས་གཉེར་བའི་ཚོང་ལས་ཁང་རྣམས་ཡིན་འདུག་པ་མ་ཟད། ལྕགས་(iron)དང་དྭངས་ལྕགས་(steel)ལྟ་བུའི་བཟོ་ལས་ཁང་ཁག་ཅིག་གིས་ཐོན་སྐྱེད་བྱེད་རྒྱུ་མང་དྲགས་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||