ཞི་ཅི་ཕིང་གིས་རྒྱ་ནག་གི་ས་ཆའི་དུམ་བུ་ཙམ་ཡང་ཕྱི་ལ་ཤོར་འཇུག་གི་མིན་ཟེར།

རྒྱ་ནག་མི་མང་བཅིངས་གྲོལ་དམག་དབུ་བརྙེས་ནས་ལོ་ངོ་༩༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྲིད་འཛིན་ཞི་ཅི་ཕིང་གིས་རྒྱ་ནག་གི་ས་ཆའི་དུམ་བུ་ཙམ་ཡང་ཕྱི་ལ་ཤོར་འཇུག་གི་མིན་ཞེས་བརྗོད་ཡོད་འདུག

སི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསར་ལྟར་ན། ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་ནུབ་ངོས་སུ་ཆགས་ཡོད་པའི་མི་མང་འཐུས་མིའི་ཚོགས་ཁང་དུ་རྒྱ་ནག་མི་མང་བཅིངས་གྲོལ་དམག་དབུ་བརྙེས་ནས་ལོ་ངོ་༩༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་པ་དང་། སྐབས་དེར་ རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་མཐོ་རིམ་དཔོན་རིགས་རྣམས་དང་། རྒན་ཡོལ་བྱས་ཟིན་པ་དང་ལས་གནས་ཐོག་ཡོད་པའི་བཅིངས་གྲོལ་དམག་མི་རྣམས་ལ། “རྒྱ་ནག་གི་ས་ཆའི་དུམ་བུ་ཙམ་ཡང་ཕྱི་ལ་ཤོར་འཇུག་གི་མིན་”ཞེས་དང་། “རྒྱ་ནག་མི་མང་གིས་ཞི་བདེ་རྩ་ཆེན་པོར་བརྩི་བཞིན་ཡོད། ང་ཚོས་བཙན་འཛུལ་དང་རྒྱ་བསྐྱེད་རྩ་བ་ནས་བྱེད་ཀྱི་མེད། འོན་ཀྱང་། བཙན་འཛུལ་གྱི་རྣམ་པ་ག་འདྲ་ཞིག་ཡིན་ན་དེ་དབང་དུ་བསྡུ་རྒྱུའི་གདེངས་ཚོད་ང་ཚོར་ཡོད་”ཅེས་དང་། དེ་བཞིན་ཁོང་གིས་“ང་ཚོས་མི་སུ་འདྲ་ཞིག་ཡིན་ན་འདྲ། ཚོགས་པ་ག་འདྲ་ཞིག་ཡིན་ཡང་རུང་། ཆབ་སྲིད་ཚོགས་པ་ཅི་འདྲ་ཞིག་ཡིན་ཡང་ཆོག རྣམ་པ་གང་འདྲ་ཞིག་གི་ཐོག་ནས་དུས་སྐབས་ཅི་འདྲ་ཞིག་ལ་ཁེལ་རུང་། རྒྱ་ནག་གི་ས་ཆའི་དུམ་བུ་ཙམ་ཡང་རྒྱ་ནག་ནས་ཁ་བྲལ་དུ་གཏོང་འཇུག་གི་མིན།” ཞེས་དང་། ཡང་ཁོང་གིས་“ང་ཚོའི་བདག་དབང་དང་། བདེ་འཇགས། ཡར་རྒྱས་བཅས་ལ་གནོད་སྐྱོན་བཟོས་ནས་འཇུག་འབྲས་ངན་པ་ཞིག་ང་ཚོར་མྱོང་འཇུག་རྒྱུའི་བསམ་བློ་སུ་གང་གིས་མ་གཏོང་” ཞེས་བརྗོད་ཡོད་འདུག  འོན་ཀྱང་། ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོ་གཉིས་ཀྱི་བདག་དབང་དང་འབྲེལ་བའི་ཐོག་ནས་རྒྱལ་ཁབ་མང་པོ་དང་རྒྱ་ནག་བར་རྩོད་རྙོག་ཡོད་ཁར། རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་གི་རྐྱེན་པས་ད་ལྟའི་ཆར་འབྲོག་ལམ་དུ་ཕྱོགས་གཉིས་ཀ་འགུལ་བསྐྱོད་བྱེད་ས་མེད་པའི་གནས་སྟངས་ནང་ཡོད་ཀྱང་། དེ་འདྲའི་རྩོད་རྙོག་གང་ཡང་ཁོང་གི་གཏམ་བཤད་ནང་དམིགས་བསལ་ཟུར་འདོན་བྱས་མེད་འདུག

དུས་དྲན་མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་རིང་ལ་གཏམ་བཤད་བྱས་ཡོད་འདུག་ཅིང་། སྐབས་དེར་ རྒྱ་ནག་མི་མང་བཅིངས་གྲོལ་དམག་རྒྱ་བསྐྱེད་བྱུང་སྟངས་དང་། བཅིངས་གྲོལ་དམག་མིས་བློ་རྩ་བརྟན་པོའི་ཐོག་ནས་གུང་ཁྲན་ཏཱང་དང་། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི། རྒྱལ་ཁབ་ཀྱི་བདག་དབང་། བདེ་འཇགས། ཡར་རྒྱས། ས་གནས་དང་འཛམ་གླིང་གི་ཞི་བདེ་བཅས་ལ་ཉེན་སྲུང་བྱེད་དགོས་སྐོར། དེ་བཞིན་བཅིངས་གྲོལ་དམག་དེ་གནས་སྟངས་ཛ་དྲག་སྐབས་སུ་གཞུང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་སྐོར་བརྗོད་ནས། ༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་མང་གཙོ་ཕྱོགས་གཏོགས་པ་ཚོའི་ངོ་རྒོལ་ལ་ཁྲག་དྲི་ཐུལ་བའི་དྲག་གནོན་བྱས་ཡོད་པ་སོགས་ཀྱི་སྐོར་ནན་བཤད་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 769

Leave a Reply