ཞི་ཅིན་ཕེང་ལ་བོད་མིས་ངོ་རྒོལ་བྱེད་སྲིད་པར་སྔོན་འགོག

བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་མ་འབྱོར་བར་དུ་ལམ་ཁ་སོགས་ག་ས་ག་ལ་ཁུ་སིམ་མེར་འཇབ་བསྒུག་བྱས་ནས། སྲིད་འཛིན་འབྱོར་བ་དང་ངོ་རྒོལ་བྱེད་རྒྱུའི་ཐབས་ལམ་བེད་སྤྱོད་བྱེད་སྲིད་པ་རེད་ཅེས་གྷོ་བ་མངའ་སྡེའི་ཉེན་རྟོག་པའི་འགན་འཛིན་གྷུབ་ཏ་ཡིས་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱ་གར་གྱི་དུས་བབ་ནང་གནས་ཚུལ་འཁོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥ ནས་ཉིན་གཉིས་རིང་རྒྱ་གར་གྷོ་ཝ་མངའ་སྡེ་རུ་བྷར་ཛིལ་དང་། ཨོ་རུ་སུ། རྒྱ་གར། རྒྱ་ནག། ལྷོ་ཨ་ཧྥི་རི་ཁ་བཅས། རྒྱལ་ཁབ་ལྔ་ཡིས་བྷི་རིག་སི་(BRICS) ཞེས་པའི་ཚོགས་འདུ་ཐེངས་བརྒྱད་པ་དེ་འཚོགས་རྒྱུ་ཡིན་པ་དང་། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་གྷོ་ཝའི་ཉེན་རྟོག་པར་སྐབས་དེར་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ལ་ངོ་རྒོལ་བྱེད་སྲིད་པས་དེ་ལ་བཀག་སྡོམ་བྱེད་དགོས་པའི་བརྡ་ལན་ཞིག་བཏང་ཡོད་འདུག

དེ་ཡང་གྷོ་ཝ་ཉེན་རྟོག་པའི་འགན་འཛིན་(DIG) ཝི་མལ་གྷུབ་ཏ་ཡིས་ “རྒྱ་གར་གསང་བའི་ལས་ཁུངས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁོངས་གཏོགས་ཀྱི་ན་གཞོན་ཁྲི་༡ ཙམ་གྱིས་རྒྱ་ནག་གི་སྲིད་འཛིན་ཕེབས་འབྱོར་ལ་ངོ་རྒོལ་བྱེད་སྲིད་པའི་གནས་ཚུལ་བརྗོད་བྱུང་བ་བཞིན། ཉེན་རྟོག་རུ་ཁག་གིས་དེར་རྟོག་ཞིབ་དང་བཀག་སྡོམ་བྱེད་དགོས་”ཞེས་བྷི་རིག་སི་ཚོགས་འདུའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་ཉེན་རྟོག་པ་༡༥༠༠ ཐམ་པ་བསྐོངས་ཡོད་པ་རྣམས་ལ་བརྗོད་ཡོད་པ་དང་། དེ་བཞིན་ཁོང་གིས་“གལ་ཏེ་སྐབས་དེར་ངོ་རྒོལ་བྱུང་ན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་ངེས་པས། དེས་རྒྱ་གར་གྱི་མཚན་སྙན་ལ་གནོད་ཀྱི་རེད་”ཅེས་ཀྱང་བརྗོད་ཡོད་འདུག

ཡང་ཁོང་གིས་“བོད་པ་ཚོས་རྒྱ་ནག་གི་སྲིད་འཛིན་མ་འབྱོར་བར་དུ་ལམ་ཁ་སོགས་ག་ས་ག་ལ་ཁུ་སིམ་མེར་བསྒུག་ནས། སྲིད་འཛིན་འབྱོར་བ་དང་ངོ་རྒོལ་བྱེད་རྒྱུའི་ཐབས་ལམ་བེད་སྤྱོད་བྱེད་སྲིད་པ་རེད་”ཅེས་ཀྱང་བརྗོད་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 44

Leave a Reply