ཞི་བདེའི་ཆེད་བཙན་བྱོལ་བོད་མི་ཚོ་ཕྱིར་ལོག་རྒྱུགས།

ཉེ་བའི་ཆར་རྒྱ་གར་བྱང་ཤར་ཁུལ་གྱི་བརྒྱུད་ལམ་ཆེ་ཤོས་དེ་རིང་གི་བྱང་ཤར་ཞེས་པའི་ཐོག ཧེ་ལི་ནོང་མི་ཐེམ་(Halley Nongmaithem)ཞེས་པ་ཞིག་གིས། རྒྱ་ནག་དང་རྩོད་རྙོག་ཉུང་དུ་གཏོང་ཆེད་དང་རྒྱ་གར་རྒྱལ་ནང་དུ་རྩོད་རྙོག་མི་ཡོང་ཆེད། བོད་མི་ཚོར་ཕྱིར་སློག་གཏོང་དགོས་པ་དང་། ལྡི་ལིའི་བོད་མིའི་གཞིས་སྒར་དེ་བྱང་ཤར་མི་རིགས་རྣམས་ལ་སྤྲད་དགོས་སྐོར་གྱི་རྩོམ་ཡིག་“ཞི་བདེའི་ཆེད་བོད་མི་ཚོ་ཕྱིར་ལོག་རྒྱུགས་”ཞེས་པ་ཞིག་སྤེལ་འདུག

རྩོམ་དེའི་ནང་རྒྱལ་ཁབ་ཚང་མར་གྲངས་ཉུང་མི་རིགས་དང་གྲང་མང་མི་རིགས་ཡོད་པས། དེ་གཉིས་བར་བསམ་ཤེས་དགོས་རྒྱུ་གལ་ཆེན་ཡིན་པ་དང་། དེ་ཡོང་བར་ཕྱོགས་གཉིས་ནས་འགྲིག་འཇགས་བྱ་རྒྱུ་དེ་ལམ་ཡག་ཤོས་ཡིན་པ། རྒྱལ་ཁབ་ནང་རིག་གཞུང་དང་མི་རིགས་མཉམ་བསྲེས་ཡོང་གི་ཡོད་པས། དཀའ་ངལ་དེ་སེལ་ཐབས་ནི་རང་ཉིད་ཀྱི་རྒྱལ་ཁབ་ནས་བྲོས་འགྲོ་རྒྱུ་དེ་མིན་སྐོར་བྲིས་འདུག

ཡང་རྩོམ་ཡིག་དེའི་ནང་། བོད་མི་ཚོས་རྒྱ་གར་གྱི་དཔལ་འབྱོར་ལ་དཀའ་ངལ་སྤྲོད་ཀྱི་ཡོད་པ་དང་། དེ་བཞིན་རྒྱལ་ས་ལྡི་ལིའི་བོད་མིའི་གཞིས་སྒར་མན་ཇུ་ཀྲི་ལ་དེ་བོད་མིར་སྤྲད་པ་ལས། རྒྱ་གར་གྱི་ཡུལ་མི་ཡིན་མཁན་བྱང་ཤར་མི་རིགས་ཚོ་ལ་སྤྲད་ན་འགྲིག་གི་འདུག རྒྱ་གར་ནང་དུ་ལོ་ངོ་༦༠ ལྷག་བསྡད་རྗེས། རྒྱ་གར་མི་སེར་བྱེད་འདོད་མེད་པར་སྐྱབས་བཅོལ་བ་བྱས་ནས་སྡོད་མཁན་ཚོར་འགྲོ་སོང་ག་རེ་བྱས་ནས་གཏོང་གི་ཡོད་རེད། བོད་མི་ཚོ་ཕྱིར་སློག་རྒྱུ་དེ་རྒྱ་ནག་དང་རྩོད་གཞི་ཉུང་དུ་འགྲོ་ཆེད་མ་ཟད། རྒྱ་གར་རྒྱལ་ནང་དུ་རྩོད་རྙོག་ཉུང་དུ་འགྲོ་ཆེད་དང་བྱང་ཤར་མི་རིགས་རྣམས་ལ་ཞི་བདེ་ཐོབ་ཆེད་གལ་ཆེན་ཡིན་སྐོར་བྲིས་འདུག

དེ་བཞིན་རྒྱུ་མཚན་ག་རེ་ལ་བརྟེན་ནས་རྒྱལ་ས་ལྡི་ལིའི་ཁུལ་དུ་བྱང་ཤར་མི་རིགས་རྣམས་ཁང་རིན་སྤྲོད་པར་དཀའ་ལས་རྒྱག་དགོས་པ་དང་། ག་རེ་བྱས་ནས་བོད་མི་རྣམས་ལྡི་ལི་དང་ས་གནས་གཞན་ལ་དཀའ་ངལ་མེད་པར་སྡོད་རྒྱུ་ཡོད་པ་རེད། མན་ཇུ་ཀྲི་ལ་དེ་བྱང་ཤར་མི་རིགས་རྣམས་ལ་སྤྲོད་དགོས་ཞེས་བྲིས་འདུག

རྩོམ་ཡིག་དེའི་ནང་རྒྱལ་ས་ལྡི་ལི་དང་ས་གནས་གཞན་ནང་བྱང་ཤར་མི་རིགས་རྣམས་ལ་མི་རིགས་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས། རྒྱ་གར་གཞུང་གིས་༧གོང་ས་མཆོག་དང་བོད་མི་སྐྱབས་བཅོལ་བ་ཚོར་ཧིན་སྒོར་ས་ཡ་མང་པོ་འགྲོ་སོང་ག་རེ་བྱས་ནས་གཏོང་གི་ཡོད། བོད་མིའི་གཞིས་སྒར་མན་ཇུ་ཀྲི་ལ་དེ་བྱང་ཤར་མི་རིགས་ཚོར་སྤྲད་ན། ཁོང་ཚོའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་དང་ཁང་རིན་དཀའ་ངལ་དེ་ཡང་ཉུང་དུ་འགྲོ་ཡི་རེད་ཅེས་བྲིས་འདུག

མཐའ་མ་དེར་རྒྱ་གར་ནང་དུ་བྱང་ཤར་མི་རིགས་རྣམས་ལ་དབྱེ་འབྱེད་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། རང་གི་རྒྱལ་ཁབ་ནས་བྲོས་འགྲོ་ཡི་མེད་པ་དང་།  རྒྱ་ནག་ནང་གྲང་ཉུང་མི་རིགས་༥༠ ལས་མང་བ་ཡོད་པ་ཚོ། རྒྱ་ནག་ནས་བྲོས་དགོས་པའི་དཀའ་སྡུག་མེད་པར། བོད་མི་ཚོས་ཞི་བདེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཡིན་པས། ཞི་བདེའི་ཆེད་དུ་ཕྱིར་ལོག་ནས། མཐུན་འགྲིག་གྱིས་ཞེས་བྲིས་ནས། རྒྱ་གར་གྱི་དབང་འཛིན་པ་ཚོས། དངོས་ཡོད་གནས་སྟངས་ལ་བསམ་ནས། རང་གི་མི་སེར་ལ་དང་ཐོག་སེམས་ཁུར་བྱེད་རོགས་ཞེས་འབོད་སྐུལ་བྱས་འདུག

རྩོམ་ཡིག་དེར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། བོད་མི་ཁག་ཅིག་གིས་བློ་ཕམ་བྱུང་སྐོར་དང་། ཁག་ཅིག་གིས་རྩོམ་པ་པོ་དེས་རྒྱལ་སྤྱིའི་ཆབ་སྲིད་ལ་གོ་རྟོགས་དམའ་བ་མ་ཟད། རྒྱ་གར་དང་རྒྱ་ནག་གི་དཀའ་ངལ་བཟོ་མཁན་བོད་མི་ཡིན་སྐོར་བརྗོད་པ་དེ་ནི་གནས་ལུགས་རྒྱུ་མཚན་དང་མ་མཐུན་པ། དེ་བཞིན་བོད་མི་ཚོས་རྒྱ་གར་གྱི་ཆེད་དུ་དམག་བརྒྱབ་ཡོད་པ་ཤེས་ཀྱི་མེད་པ་སོགས་དང་། རྩོམ་དེར་རིན་ཐང་སྤྲོད་པའི་རྒྱུ་ཆ་དང་གནས་ལུགས་གང་ཡང་མེད་པས་སྣང་མེད་གཏོང་ན་རན་ཤོས་ཡིན་སྐོར་སོགས་ཀྱི་མཆན་བཀོད་མཁན་མང་པོ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

མ་རྩོམ་འབྲེལ་ཐག

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 978

Leave a Reply